འཇར་མན་ནང་ལྕམ་མཱེར་ཁེལ་གྱི་སྲིད་དོན་ཚོགས་པར་ཕམ་ཁ་བྱུང་འདུག 

ཡུ་རོབ་མཐུན་ཚོགས་ཀྱི་ནང་དུ་དཔལ་འབྱོར་དང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་འཇར་མན་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར། ལོ་ངོ་༡༦ རིང་སྲིད་བློན་ལས་ཁུར་བྱེད་མཁན་ལྕམ་མཱེར་ཁེལ་གྱི་སྲིད་དོན་ཚོགས་པར་ཕམ་ཁ་བྱུང་འདུག འོན་ཀྱང་གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པ་ཞིག་ཡོང་བར་སྲིད་དོན་ཚོགས་པ་གཞན་གྱི་བར་དུ་གྲོས་མཐུན་ཡོང་རྒྱུར་ཟླ་བ་མང་པོ་འགོར་སྲིད་པ་རེད་འདུག 

ཟླ་༩ པའི་ཚེས་༢༦ ཉིན་འཇར་མན་མི་མང་གིས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་མཉམ་ཞུགས་བྱས་འདུག་པ་དང་། འོས་བསྡུའི་གྲུབ་འབྲས་སུ་རྒྱལ་ཁབ་དེའི་སྲིད་དོན་ཚོགས་པ་ཆེ་གྲས་སུ་ཡིན་པའི་སྤྱི་ཚོགས་རིང་ལུགས་དང་མང་གཙོའི་སྲིད་དོན་ཚོགས་པར་འོས་གྲངས་མང་ཤོས་ཐོབ་ནས་ཨང་དང་པོ་ཆགས་ཡོད་འདུག དེ་ཡང་སྲིད་དོན་ཚོགས་པ་དེར་འོས་གྲངས་བརྒྱ་ཆ་༢༥.༧ ཐོབ་ཡོད་པ་དང་ཕྱི་ལོ་༢༠༡༧ ལོའི་འོས་བསྡུ་དང་བསྡུར་ན་འོས་གྲངས་བརྒྱ་ཆ་༥ ལྷག་འཕར་ཡོད་འདུག  ཨང་གཉིས་པར་གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པ་གཙོ་བོ་ཡེ་ཤུ་མང་གཙོའི་མཐུན་ཚོགས་ལ་འོས་གྲངས་བརྒྱ་ཆ་༢༤.༡ ཐོབ་ཡོད་འདུག དེ་ནི་ཕྱི་ལོ་༢༠༡༧ ལོའི་འོས་བསྡུ་དང་བསྡུར་ན་འོས་གྲངས་བརྒྱ་ཆ་༩ ལྷག་མར་ཆགས་ཡོད་པ་རེད་འདུག སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ལྕམ་མཱེར་ཁེལ་གྱིས་འཇར་མན་སྲིད་བློན་གྱི་ལས་ཁུར་ལོ་ངོ་༡༦ བྱས་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོར་ཁོང་གིས་ཕྱི་ལོ་༢༠༢༡ ལོའི་འོས་བསྡུར་འོས་འགྲན་བྱེད་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། 

འཇར་མན་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྐབས་སུ་སྲིད་དོན་ཚོགས་པ་གཅིག་ལ་མང་མོས་ཀྱི་རྐུབ་སྟེགས་ཐོབ་རྒྱུ་ཁག་པོ་ཡིན་པ་ལྟར། རྐུབ་སྟེགས་མང་ཤོས་ཐོབ་མཁན་སྤྱི་ཚོགས་རིང་ལུགས་དང་མང་གཙོའི་སྲིད་དོན་ཚོགས་པས་སྲིད་དོན་ཚོགས་པ་གཞན་དང་གྲོས་མོལ་བྱས་ཏེ་གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པ་འཛུགས་དགོས་ཀྱི་ཡོད་འདུག ད་ལྟའི་ཆར་ཟླ་སྒྲིལ་སྲིད་དོན་ཚོགས་པ་ནང་དུ་སླེབས་བར་ཚོད་དཔག་བྱེད་ཡུལ་གཙོ་བོ་གཉིས་ནི་འོས་གྲངས་བརྒྱ་ཆ་༡༤.༨ ཐོབ་མཁན་ལྗང་ཁུ་སྲིད་དོན་ཚོགས་པ་དང་། འོས་གྲངས་བརྒྱ་ཆ་༡༡.༥ ཐོབ་མཁན་རང་དབང་དང་མང་གཙོའི་སྲིད་དོན་ཚོགས་པ་གཉིས་ཡིན་འདུག འོན་ཀྱང་གཞུང་འཛིན་གྱི་ཟླ་སྒྲིལ་སྲིད་དོན་ཚོགས་ཞིག་ཡོང་བར་ཕྱོགས་ཁག་བར་གྲོས་མཐུན་ཡོང་རྒྱུ་ཁག་པོ་ཡིན་ཁར། དུས་ཚོད་ཀྱང་མང་པོ་འགོར་སྲིད་པ་རེད་འདུག ཕྱི་ལོ་༢༠༡༧ ལོར་ལྕམ་མཱེར་ཁེལ་གྱི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་ཀྱང་། གཞུང་འཛིན་གྱི་ཟླ་སྒྲིལ་སྲིད་དོན་ཚོགས་པ་ཞིག་ཆགས་བར་ཟླ་༥ ལྷག་འགོར་ཡོད་པ་རེད་འདུག འོས་གྲངས་མང་ཤོས་ཐོབ་མཁན་གྱི་སྲིད་དོན་ཚོགས་པའི་སྲིད་བློན་འོས་མི་ནི་(Olaf Scholz)ཡིན་འདུག་པས། ཁོང་འཇར་མན་གྱི་སྲིད་བློན་གསར་པ་ཆགས་པའི་ངེས་པ་ཆེན་པོ་ཡོད་འདུག 

དེ་བཞིན་འཇར་མན་གྱི་སྲིད་དོན་ཚོགས་པ་རྩོད་རྙོག་ཆེ་ཤོས་འཇར་མན་གྱི་འདམ་ག་གཞན་ཞེས་པའི་སྲིད་དོན་ཚོགས་པར་འོས་གྲངས་༡༠.༦ ཐོབ་འདུག་པ་དང་། ཕྱི་ལོ་༢༠༡༧ དང་བསྡུར་ན་འོས་གྲངས་བརྒྱ་ཆ་༢ ལྷག་མར་ཆགས་ཡོད་འདུག སྲིད་དོན་ཚོགས་པ་དེས་ཁ་ཆེ་གཙོས་པའི་སྐྱབས་བཅོལ་བ་ཚོར་སྐྱོན་བརྗོད་ཆེན་པོ་བྱེད་་ཀྱི་ཡོད་པ་རེད།  སྲིད་དོན་ཚོགས་པ་གཞན་ཚོས་གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པའི་ནང་དུ་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་དེ་དང་མཉམ་ལས་བྱེད་འདོད་མེད་སྐོར་བརྗོད་འདུག འཇར་མན་གྱི་རྒྱལ་ནང་གསང་བའི་ལས་ཁང་གིས། སྲིད་དོན་ཚོགས་པ་དེས་དྲག་སྤྱོད་དང་འཁོན་འཛིན་སློང་བ་སོགས་ཐལ་ཆེ་བའི་བྱ་སྤྱོད་ལ་འཇུག་གི་ཡོད་པའི་དོགས་པའི་འོག་བྱ་ར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་ཡང་འཇར་མན་གྱི་རྩ་ཁྲིམས་ནང་གསང་བའི་ལས་ཁང་དེར། མང་གཙོའི་ལམ་ལུགས་ལ་ཉེན་ཚབས་ཆེ་བའི་བྱ་སྤྱོད་འགོག་པའི་དབང་ཚད་ཡོད་པ་རེད་འདུག

ཐེངས་འདིའི་འོས་བསྡུའི་ནང་དུ་ལོ་ངོ་༡༦ རིང་འཇར་མན་གྱི་སྲིད་བློན་ལས་ཁུར་བྱེད་མཁན་ལྕམ་མཱེར་ཁེལ་འོས་མིར་ཞུགས་མེེད་པ་དང་། ཁོང་ནི་རྒྱལ་སྤྱིའི་ནང་དང་ལྷག་པར་དུ་ཡུ་རོབ་ནང་དུ་གུས་བརྩི་ཆེན་པོ་བྱེད་ཡུལ་གྱི་འགོ་ཁྲིད་གཅིག་ཡིན་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་བརྟན་ལྷིངས་ལ་ཡང་ཁོང་གི་ཤུགས་རྐྱེན་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འཇར་མན་གྱི་སྲིད་གཞུང་གསར་པ་ཞིག་མ་སླེབས་པར་ཁོང་གིས་མུ་མཐུད་ནས་སྲིད་བློན་ལས་ཁུར་བྱེད་དགོས་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།