འཇར་མན་ནི་དང་ཨ་རི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་སྤྲད་རྒྱུ་རེད་འདུག
ཟླ་འདིའིི་ཚེས་༢༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་དང་འཇར་མན་ནི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་སྤྲད་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ཨུ་རུ་སུས་ཐག་གཅོད་དེ་ནི་ཉེན་ཁ་ཧ་ཅང་ཆེ་བའི་ཐག་གཅོད་ཅིག་རེད་ཅེས་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༢༤ ཉིན་འཇར་མན་ནི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་༡༤ སྤྲད་རྒྱུ་དང་། ལྷག་པར་དུ་རྒྱལ་ཁབ་གཞན་གྱིས་ཀྱང་འཇར་མན་ནི་ནས་ཉོས་པའི་ཁྲབ་ལྡན་འཐབ་འཁོར་དག་ཡུག་རེན་ལ་མཁོ་སྤྲོད་བྱེད་ཆོག་པའི་བཀའ་འཁྲོལ་གནང་བའི་རྗེས། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཀྱང་ཨ་རིས་བཟོ་སྐྲུན་བྱས་པའི་དེང་རབས་ཀྱི་ཁྲབ་ལྡན་འཐབ་འཁོར་༣༡ ཡུག་རེན་ལ་སྤྲད་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག
ཨ་རི་ཡིས་བཟོ་སྐྲུན་བྱས་པའི་ཁྲབ་ལྡན་འཐབ་འཁོར་དག་ནི་དེང་རབས་ཀྱི་གོ་མཚོན་ཡིན་པས་དེ་བེད་སྤྱོད་བྱེད་པར་དམག་མི་ཚོ་ལ་སྦྱོང་བརྡར་ངེས་ཅན་ཞིག་དགོས་ཀྱི་ཡོད་པ་མ་ཟད། ཁྲབ་ལྡན་འཐབ་འཁོར་དེ་དག་དམག་སར་འབྱོར་རྒྱུ་ལ་ཉུང་མཐར་ཟླ་བ་ཁ་ཤས་འགོར་གྱི་ཡོད་འདུག དེ་བཞིན་གོ་མཚོན་དེ་དག་ཉར་འཚག་བྱེད་རྒྱུ་ལ་ཡང་འགྲོ་སོང་ཧ་ཅང་ཆེན་མོ་གཏོང་དགོས་ཀྱི་ཡོད་འདུག ཨ་རིས་ཡུག་རེན་གྱི་དམག་མི་ཚོ་ལ་སྦྱོང་བརྡར་སྤྲད་རྒྱུ་ཡིན་མོད་ཀྱང་། ད་ལྟའི་ཆར་ས་གནས་དང་དུས་ནམ་ཞིག་ལ་སྦྱོང་བརྡར་སྤྲད་རྒྱུའི་ཐག་གཅོད་བྱས་མེད་པ་རེད་འདུག
ཨ་རི་ལ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་པས་ཨ་རི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་གཏོང་རྒྱུ་ཐག་གཅོད་བྱས་པ་དེ་ནི་མངོན་སུམ་འཛེམ་མེད་ཀྱིས་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཅིིག་ཡིན་པ་མ་ཟད། ནུབ་ཕྱོགས་པ་ཚོས་ཡུག་རེན་དམག་འཁྲུག་ལས་རྒྱལ་ཁ་ཐོབ་རྒྱུའི་སྟོང་སེམས་འཆང་བཞིན་པ་དེ་ལ་འགྱོད་པ་སྐྱེ་ངེས་རེད་ཅེས་བརྗོད་ཡོད་འདུག་ལ། འཇར་མན་ནི་ལ་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་པས་ཐག་གཅོད་དེ་ནི་ཉེན་ཁ་ཧ་ཅང་ཆེ་བའི་ཐག་གཅོད་ཅིག་རེད་ཅེས་བརྗོད་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།