འཇར་མན་ནི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་སྤྲད་རྒྱུའི་ཐག་གཅོད་བྱེད་མི་འདུག

ཟླ་འདིའི་ཚེས་༢༡་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཇར་མན་ནི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་སྤྲད་རྒྱུའི་ཐག་གཅོད་ད་དུང་ཡང་བྱས་མེད་པ་རེད་འདུག ནུབ་ཕྱོགས་རྒྱལ་ཁབ་མང་པོས་ཡུག་རེན་ལ་མཚོན་ཆ་དང་དཔལ་འབྱོར་སོགས་ཀྱི་རོགས་རམ་ཕོན་ཆེན་བྱེད་བཞིན་ཡོད་ན་ཡང་། ཡུག་རེན་ལ་འཇར་མན་ནི་ཡིས་བཟོས་པའི་ཁྲབ་ལྡན་འཐབ་འཁོར་དེ་མེད་ན་ཡུག་རེན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཚོན་ཆ་མཁོ་སྤྲོད་བྱེད་རོགས་ཞེས་འབོད་སྐུལ་ཞུས་པའི་དོན་དག་སྒྲུབ་ཀྱི་མེད་པ་རེད་འདུག

འཇར་མན་ནི་ཡིས་བཟོས་པའི་ཁྲབ་ལྡན་འཐབ་འཁོར་(Leopard tanks) ཞེས་པ་དེ་ནི་ཉར་འཚག་བྱེད་བདེ་བ་མ་ཟད། ཨུ་རུ་སུས་དམག་འཁྲུག་གི་ཁྲོད་དུ་བེད་སྤྱོད་བྱེད་བཞིན་ཡོད་པའི་ཁྲབ་ལྡན་འཐབ་འཁོར་(T-90) ཞེས་པ་དེ་གཏོར་བྱེད་ལ་བེད་སྤྱོད་ཆེན་མོ་ཆགས་བཞིན་ཡོད་འདུག་ལ། མཚོན་ཆ་དེ་ཡིས་རྒྱང་ཐག་མེ་ལི་༣ ཡོད་ས་ནས་གཏོང་རྒོལ་བྱེད་ཐུབ་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཟོས་པའི་ཁྲབ་ལྡན་འཐབ་འཁོར་དག་ལས་ཆེས་ཡག་ཤོས་ཀྱི་གྲས་ཤིག་ཆགས་ཡོད་འདུག

ཡུག་རེན་སྲིད་འཛིན་གྱིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་དེ་འདྲ་༣༠༠ ཙམ་ཡོད་ན་ཡུག་རེན་དམག་འཁྲུག་གི་ཁྲོད་ནས་རྣམ་པར་རྒྱལ་ཐུབ་པ་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་འདུག  འཇར་མན་ནི་ཡིས་གལ་སྲིད་ཨ་རི་ཡིས་བཟོས་པའི་ཁྲབ་ལྡན་འཐབ་འཁོར་དག་ཨ་རིས་ཡུག་རེན་ལ་མཁོ་སྤྲོད་བྱས་ན་འཇར་མན་ནི་ཡིས་ཀྱང་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་མཁོ་སྤྲོད་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་གིས་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཆེས་མཐོའི་དཔོན་པོ་ཚོས་ཡུག་རེན་ལ་ཨ་རིས་བཟོས་པའི་ཁྲབ་ལྡན་འཐབ་འཁོར་གཏོང་འདོད་མེད་རབས་ཀྱི་གནས་ཚུལ་ཐོན་འདུག

ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ལྷག་པར་དུ་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སུ་དང་ཐད་ཀ་གདོང་ཐུག་མི་ཡོང་བའི་ཆེད་དུ་ཡུག་རེན་ལ་མཚོན་ཆ་ལེགས་ཤོས་དག་མཁོ་སྤྲོད་བྱེད་ཀྱི་མེད་པ་རེད་འདུག  ཚོགས་མི་རྒྱལ་ཁབ་༣༠ ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ལ་འཇར་མན་ནི་ཡིས་བཟོས་པའི་ཁྲབ་ལྡན་འཐབ་འཁོར་ཁྱོན་བསྡོམ་༢༣༠༠ ལྷག་ཡོད་ཀྱང་། འཇར་མན་ནི་ཡི་ཆོག་མཆན་མེད་པ་ཁྲབ་ལྡན་འཐབ་འཁོར་དེ་དག་ཕྱིར་གཏོང་བྱེད་ཆོག་གི་མེད་པར་བརྟེན། ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་གཏོང་རྒྱུའི་གནད་དོན་ཐོག་འཇར་མན་ནི་ལ་གནོན་ཤུགས་ཆེན་མོ་བསླེབས་ཀྱི་ཡོད་འདུག

འཇར་མན་ནི་ཡིས་བཟོས་པའི་ཁྲབ་ལྡན་འཐབ་འཁོར་དག་ནི་འཇར་མན་ནི་ཡི་ཆོག་མཆན་མེད་པར་རྒྱལ་ཁབ་གཞན་ལ་ཕྱིར་གཏོང་བྱེད་ཆོག་གི་མེད་པར་བརྟེན། པོ་ལན་ཌེ་དང་ཧྥིན་ལན་ཌི་སོགས་ཀྱིས་ཀྱང་ཡུག་རེན་ལ་འཇར་མན་ནི་ཡིས་བཟོས་པའི་ཁྲབ་ལྡན་འཐབ་འཁོར་གཏོང་ཐུབ་ཀྱི་མེད་པ་རེད་འདུག་ལ། པོ་ལན་ཌེའི་ཕྱི་སྲིད་བློན་ཆེན་གྱིས་འཇར་མན་ནི་ཡིས་ཡུག་རེན་ལ་ཁྲབ་ལྡན་འཐབ་འཁོར་གཏོང་རྒྱུའི་ཐེ་ཚོམ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply