འཇིགས་སྐུལ་ཚོགས་པས་ནེ་ཇི་རི་ཡ་ནང་དུ་སློབ་ཕྲུག་མང་པོ་བཙན་ཁྲིད་བྱས་འདུག 

ཉིན་ཤས་སྔོན་ནེ་ཇི་རི་ཡའི་སློབ་གྲྭ་ཞིག་གི་ནང་དྲག་སྤྱོད་པ་རུ་ཁག་གཅིག་གིས་དཔུང་རྒོལ་བྱས་ཏེ། སློབ་ཕྲུག་བུ་༣༠༠ ལས་མང་བ་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། ཐེངས་འདིར་བཙན་ཁྲིད་བྱེད་མཁན་དེ་ཁུལ་དེའི་འཇིགས་སྐུལ་རིང་ལུགས་ཚོགས་པ་ཞིག་ཡིན་པ་ངོས་ལེན་བྱས་ཡོད་པའི་གནས་ཚུལ་འདུག 

ཟླ་༡༢ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༡ ཉིན་སྦག་སྦག་ཞོན་མཁན་དྲག་སྤྱོད་པ་༡༠༠ ལས་མང་བ་ཞིག་གིས། ནི་ཇེ་རི་ཡའི་བྱང་ནུབ་ཁུལ་དུ་བུ་རྐྱང་པ་ཡིན་པའི་སློབ་གྲྭ་ཞིག་གི་ནང་དུ་མེ་མདའ་ཁྱེར་ནས་དཔུང་རྒོལ་བྱས་ཏེ། སློབ་ཕྲུག་མང་པོ་ཞིག་བཙན་ཁྲིད་བྱས་ཏེ། རྒྱལ་ཁབ་དེའི་ནང་མི་མང་དཀྱུས་མའི་བདེ་འཇགས་ཀྱི་གནས་སྟངས་ཞན་པོ་ཡིན་པ་གསལ་སྟོན་བྱས་འདུག ད་ལྟའི་ཆར་སློབ་ཕྲུག་ག་ཚོད་བཙན་ཁྲིད་བྱས་ཡོད་པའི་ཁ་གྲངས་གསལ་པོ་ཞིག་མེད་ཀྱང་། དམག་དཔོན་ཞིག་གིས་དཔུང་རྒོལ་དེའི་རྗེས་སུ་སློབ་ཕྲུག་༣༣༣ ཞིག་གར་སོང་ཆ་མེད་ཆགས་ཡོད་སྐོར་བརྗོད་འདུག་པས། ཁ་གྲངས་དེར་ངོས་འཛིན་བྱེད་བཞིན་འདུག 

ཚེས་༡༢ ཉིན་བཙན་ཁྲིད་སོང་བའི་སློབ་ཕྲུག་རྣམས་ཀྱི་ཕ་མ་སྤུན་མཆེད་ཚོས་སློབ་གྲྭར་འཛོམས་ནས་གཞུང་གིས་སློབ་ཕྲུག་རྣམས་བདེ་འཇགས་ངང་ཚུར་ལོག་ཐུབ་པ་བྱེད་དགོས་པའི་རེ་སྐུལ་ཞུས་འདུག་པ་དང་། སྐབས་དེར་ཨ་ཕ་ཞིག་གིས་གལ་ཏེ་གཞུང་གིས་རོགས་པ་མ་བྱས་ན་ཁོ་ཚོར་གང་ཡང་བྱེད་ཐབས་མེད་སྐོར་བརྗོད་འདུག 

སྤྱིར་བཏང་ཁུལ་དེར་འཇིགས་སྐུལ་རིང་ལུགས་པ་དང་དེ་བཞིན་ཇག་ཚོགས་ཁག་ཅིག་གིས། མི་མང་དཀྱུས་མ་སོགས་བཙན་ཁྲིད་བྱས་ཏེ་ཕྱིར་སྤྲོད་རིན་ལེན་གྱི་ཡོད་པ་ནའང་། ད་བར་བཙན་ཁྲིད་འབོར་ཆེན་པོ་དེ་འདྲ་བྱེད་མྱོང་མེད་འདུག ཐོག་མར་མི་མང་པོ་ཞིག་གིས་བཙན་ཁྲིད་བྱེད་མཁན་ནི་ཁུལ་དེའི་ཇག་ཚོགས་ཤིག་ཡིན་པར་ངོས་འཛིན་བྱས་འདུག་ཀྱང་། ཚེས་༡༥ ཉིན་ཁུལ་དེའི་འཇིགས་སྐུལ་རིང་ལུགས་ཚོགས་པ་ཆེ་ཤོས་བྷོ་ཀོ་ཧ་རམ་ཞེས་པ་དེས། བཙན་ཁྲིད་བྱེད་མཁན་ཁོ་ཚོ་ཡིན་པ་ངོས་ལེན་བྱས་འདུག ཚོགས་པ་དེའི་མིང་གི་གོ་དོན་ནི་ནུབ་ཕྱོགས་ཀྱི་ཤེས་ཡོན་བཀག་སྡོམ་ཡིན་ཞེས་པར་གོ་ཡི་འདུག 

འཇིགས་སྐུལ་ཚོགས་པ་དེས་བཙན་ཁྲིད་བྱ་སྤྱོད་ལ་འགན་ལེན་བྱས་མིན་ལ་མ་ལྟོས་པར། དཔྱད་བརྗོད་པ་ཁག་ཅིག་གིས་བཙན་ཁྲིད་དངོས་སུ་བྱེད་མཁན་ནི་ཁུལ་དེའི་ཇག་ཚོགས་ཤིག་ཡིན་པ་དང་། ཁོ་ཚོས་སློབ་ཕྲུག་རྣམས་འཇིགས་སྐུལ་ཚོགས་པ་དེར་བཙོང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག ཕ་མ་དང་གཞུང་གིས་སློབ་ཕྲུག་རྣམས་འཇིགས་སྐུལ་ཚོགས་པའི་ལག་ཏུ་ཇི་ཙམ་དུས་ཚོད་རིང་བ་ལྷག་ཚེ། དེ་ཙམ་གྱིས་ཁོ་ཚོའི་བསམ་བློ་དེ་དྲག་སྤྱོད་པའི་ལྟ་བུ་ཕྱོགས་སུ་འགྲོ་བའི་ཉེན་ཁ་ཡོད་པར་ངོས་འཛིན་དང་ཞེད་སྣང་བྱེད་བཞིན་འདུག 

རྒྱལ་ཁབ་དེའི་སྲིད་འཛིན་བྷུ་ཧཱ་རཱི་ལ་ཕྱི་ལོ་༢༠༡༥ ལོར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་སྐབས། ཁོང་གིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་ཁ་གཏད་གཅོག་རྒྱུའི་ལས་ཀ་དེ་གལ་ཆེ་ཤོས་ཆགས་ཀྱི་ཡོད་སྐོར་བརྗོད་འདུག་ཀྱང་། ཁོང་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་རྒྱལ་ཁབ་དེའི་བྱང་ཁུལ་དུ་བདེ་འཇགས་ཀྱི་གནས་སྟངས་ཉམས་རྒུད་ཕྱིན་ཡོད་འདུག གཞུང་གིས་ད་ལྟའི་ཆར་འཇིགས་སྐུལ་ཚོགས་པ་དེ་དང་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཁོ་ཚོ་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་ཡོད་སྐོར་བསྒྲགས་འདུག 

ཕྱི་ལོ་༢༠༡༤ ལོར་འཇིགས་སྐུལ་ཚོགས་པ་དེས་སློབ་ཕྲུག་བུད་མེད་༢༧༦ ཞིག་བཙན་ཁྲིད་བྱས་ནས་རྒྱལ་སྤྱིའི་ནང་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད། བུད་མེད་མང་པོ་ཞིག་གློད་གྲོལ་བྱུང་ཡོད་ཀྱང་སྤྱི་ཚོགས་ནས་བུད་མེད་དེ་དག་ལ་ལྟ་སྟངས་ངན་པ་དང་ངོས་ལེན་མི་བྱེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག འཇིགས་སྐུལ་ཚོགས་པ་དེས་ཨེ་སི་སི་འཇིགས་སྐུལ་ཚོགས་པར་རྒྱབ་སྐྱོར་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། གསང་བའི་ལས་ཁུངས་མང་པོ་ཞིག་གིས་ཚོགས་པ་དེ་ལ་བརྟེན་ནས་ཨ་ཧྥེ་རི་ཀའི་གླིང་ཕྲན་ནང་འཇིགས་སྐུལ་རིང་ལུགས་པའི་དབང་ཤུགས་ཆེ་རུ་འགྲོ་སྲིད་པའི་སེམས་འཚབ་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།