འཐབ་རྩོད་ཀྱི་བསམ་བློ་གསོ་བའི་ལས་འགུལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༡༧  ཕྱི་ལོ་ ༢༠༡༦/༡༠ /༡༩

ཉེ་ཆར་བོད་པའི་སྤྱི་ཚོགས་ནང་ལས་འགུལ་ཁག་ཅིག་བསྐྱར་དུ་སྤེལ་འགོ་ཚུགས་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་ནས་དབུ་མའི་ལམ་གྱི་མིང་ཐོག་ནས་འཕྲུལ་རྟ་རྒྱང་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ནས་བཞུགས་སྒར་དྷ་རམ་ས་ལ་ནས་མཇུག་བསྡོམས་བྱས་སོང་བ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་ཡོང་བ་དང་སྟབས་བསྟུན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ངོ་རྒོལ་གྱི་ལས་འགུལ་ཁག་ཅིག་སྤེལ་སོང་། དེ་ནི་འདས་པའི་ལོ་ཁ་ཤས་ནང་དམིགས་བསལ་གྱི་ལས་འགུལ་སྤེལ་བ་ཞིག་ཏུ་གྱུར་ཡོད་པ་རེད། བོད་མི་རྣམས་བཙན་བྱོལ་དུ་གྱར་བ་ནས་བཟུང་ལས་འགུལ་བར་མ་ཆད་དུ་སྤེལ་ཡོད་ནའང་། བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་ལས་འགུལ་ལ་བརྟེན་ནས་མཇུག་འབྲས་འདི་ཐོན་པ་རེད་ཅེས་ཐག་བཅད་ནས་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད།  གཙོ་ཆེ་ཤོས་བོད་མི་རིགས་ཀྱི་བསམ་བློའི་ནང་དུ་འཐབ་རྩོད་ཀྱི་ཚོར་བ་ཡོངས་སུ་བརླགས་ཟིན་པའི་ཉིན་མོར་བོད་དོན་ནི་རྦད་དེ་ཤི་བ་རེད།

ད་ལྟའི་ཆར་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ཚོར་བ་བརླགས་པའམ། ཡང་ན་རང་ཉིད་ཀྱི་འཚོ་གོས་ཁོ་ན་དོན་དུ་གཉེར་ནས་འཐབ་རྩོད་དང་ལས་འགུལ་གྱི་སྤྱི་ཚོགས་དང་ཁ་ཐག་རིང་ནས་རིང་དུ་གཏོང་བཞིན་པའི་མི་སྣ་མང་པོ་ཞིག་ཡོད་པ་དང་། ལས་འགུལ་སྤེལ་མཁན་གྱི་ཚོགས་སྡེ་ཁག་གི་ནང་དུ་ཡོད་པའི་འགན་ཁུར་མི་སྣ་མང་པོ་ཞིག་ཀྱང་། རང་རང་གི་ས་ནས་སེམས་ཤུགས་ཆག་སྟེ་རང་འགོ་གང་ཐོན་གྱི་བསམ་བློ་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད། དེ་ལྟ་བུ་བྱུང་བའི་རྒྱུ་མཚན་གཙོ་བོ་ལམ་དབུ་མའི་ལངས་ཕྱོགས་འཛིན་མཁན་དང་། བོད་རང་བཙན་སླར་གསོ་དགོས་པའི་ལངས་ཕྱོགས་འཛིན་མཁན་གྱི་དབར་དུ་དབྱེ་འབྱེད་དང་ཟུར་འཕུད། ཁྱོད་ཤི་ང་གསོན་ལྟ་བུའི་བསམ་ཚུལ་མང་པོ་ཞིག་ཐོན་ནས། ཕན་ཚུན་སྐྱོན་བརྗོད་བྱེད་སྐབས་ཀྱང་ལམ་དབུ་མ་པས་དད་པ་ཡོད་མེད་དང་དམ་ཚིག་གཙང་མིན། རང་བཙན་པ་དག་གིས་རྒྱལ་ཞེན་དང་སེམས་ཤུགས་ཡོད་མེད་ཀྱི་ཐོག་ནས་ཕན་ཚུན་སྐྱོན་འཛུགས་བྱེད་རེས་བྱས་པ་སོགས་ལ་བརྟེན་ནས་བྱུང་ཡོད།

ཉེ་ཆར་སྤེལ་བའི་ལས་འགུལ་འདི་དག་གི་རྒྱ་ཆེ་ཆུང་དང་ནུས་པ་ཡོད་མེད་ཙམ་མ་ཡིན་པར། རང་ཉིད་སོ་སོའི་ལངས་ཕྱོགས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་ཐུབ་ན། མི་མང་གི་སེམས་ནང་ལས་འགུལ་དང་འཐབ་རྩོད་ཀྱི་ཚོར་བ་མི་བརླག་པར་ཕན་ནུས་ཆེན་པོ་ཡོད་པ་ནི་སྨྲོས་མི་དགོས་པ་རེད། ཚོར་བ་དངོས་ཀྱི་ཐོག་ནས་བཤད་ཀྱང་མི་ཞིག་གིས་ཉིན་གཅིག་ཙམ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཐང་ཆད་ཆད་ཀྱི་བར་དུ་སྤེལ་བའི་དགོང་མོ་རང་ཉིད་ཀྱི་བསམ་བློའི་ནང་དུ་འཐབ་རྩོད་དང་ལས་འགུལ་གྱི་ཚོར་བ་ཆེན་པོ་ཞིག་སླེབས་ཡོང་བ་དང་། རྒྱ་དམར་གཞུང་ལ་མི་དགའ་བའི་འཁོན་འཛིན་དང་། ང་ཚོ་ལ་ཐུབ་ཚོད་མནར་གཅོད་གྲངས་མེད་བཏང་བའི་སྡུག་བསྔལ་རྣམས་དྲན་གསོ་བྱེད་ཐུབ་ངེས་སུ་གྱུར་ཡོད། འཐབ་རྩོད་ཀྱི་བརྒྱུད་རིམ་ནང་དུ་དཀའ་ངལ་མནར་གཅོད་མྱོང་བའི་ཚོར་བ་མེད་ན་འཁྲབ་སྟོན་ཙམ་ལས་ལས་འགུལ་ངོ་མ་ཞིག་ཏུ་འགྱུར་མི་ཐུབ་ལ། དེ་ལྟ་བུའི་ལས་འགུལ་ནི་རོགས་རམ་ཐབས་འཚོལ་དང་དཔལ་འབྱོར་འདུ་འགོད་ཙམ་ལས་ཕན་ཐོགས་རྒྱ་ཆེན་པོ་ཞིག་ཡོང་དཀའ།

མ་འོངས་པར་ཡང་བོད་པས་ལས་འགུལ་སྤེལ་བའི་སྐབས་སུ་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པ་ཞིག་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་རག་ཐུབ་ཐབས་ཁོ་ན་གཙོ་བོ་མ་ཡིན་པར། བོད་མི་རིགས་ཀྱི་བསམ་བློའི་ནང་དུ་འཐབ་རྩོད་ཀྱི་ངར་ཤུགས་གནས་ཐུབ་པའི་ཆེད་དུ་དམིགས་དགོས། ལས་འགུལ་ལ་གྲུབ་འབྲས་ཐོན་མིན་བལྟ་བའི་སྐབས་ཀྱང་བོད་རིགས་མི་མང་སྤྱི་དང་། ལྷག་པར་དུ་བཙན་བྱོལ་བོད་མི་རྣམས་འཐབ་རྩོད་ཀྱི་བསམ་བློ་གང་ཡང་མེད་པར། རང་འགོ་གང་ཐོན་ཙམ་བྱེད་མཁན་ག་ཚད་ཉུང་དུ་འགྲོ་བཞིན་ཡོད་པ་དེའི་ཚོད་ཀྱིས་ལས་འགུལ་ལ་གྲུབ་འབྲས་ཐོན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་མི་ཐོག་ག་ཚོད་བརྗེ་ཡང་། རྒྱ་དམར་གཞུང་གི་སྟོབས་ཤུགས་ཇི་ལྟར་ཆེ་ཡང་། བོད་མི་རིགས་ཀྱི་བུ་རབས་ཚ་བརྒྱུད་ལ་རྒྱ་དམར་གཞུང་ང་ཚོའི་དགྲ་བོ་ཡིན་པ་དང་། དགྲ་བོ་རྒྱ་དམར་གཞུང་གི་འོག་ཏུ་སྡོད་འདོད་མེད་པའི་བསམ་བློ་དེ་བསྐྲུན་ཐུབ་སོང་ན་ད་ལྟ་ལས་འགུལ་སྤེལ་བ་ཁག་ལ་གྲུབ་འབྲས་མངོན་གསལ་དུ་ཐོན་པ་རེད།

ང་ཚོའི་སྲིད་བྱུས་དང་ལས་འགུལ་གང་ཡིན་ཡང་ཆོས་དང་རིག་གནས་རྒྱུན་འཛིན་གྱི་ཆེད་དུ་ཡིན་ཞེས་བརྗོད་བཞིན་ཡོད་ཀྱང་། དོན་དམ་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོས་དང་རིག་གནས་རྒྱུད་འཛིན་གྱི་ཆེད་དུ་ཁ་སྤྱི་ཚོགས་ལ་ཕར་བསྐོར་ནས་བཤད་པ་ལས། རང་ཉིད་ནས་འགོ་བཙུགས་ཏེ་བསམ་བློ་གཏོང་མཁན་ནི་ཧ་ཅང་དཀོན་ཚོད་དུ་སྣང་། ནང་ཆོས་རྒྱུད་འཛིན་གྱི་ཐོག་ནས་གཙོ་བོ་དགེ་འདུན་གྱི་སྡེ་ལ་རག་ལས་ཡོད་ཀྱང་། བཙན་བྱོལ་ནང་སྐྱེས་འཚར་བྱུང་བ་རྣམས་ཀྱི་ནང་ཕ་མའི་ལམ་སྟོན་དང་བུ་ཕྲུག་རང་ངོས་ནས་གྲྭ་བཙུན་བྱེད་མཁན་ག་ཚོད་ཙམ་ཡོད་མེད་ཁོ་ནའི་ཐོག་ནས་ཤེས་ཐུབ། བོད་པའི་རིག་གནས་རྒྱུད་འཛིན་གྱི་ཐོག་ནས་ཀྱང་དེ་དང་གཅིག་མཚུངས་ཡིན་ལ། མ་འོངས་པར་བོད་ནང་རང་ཉིད་ཀྱི་འབྲེལ་ཡོད་སོ་སོའི་ལུང་པའི་ནང་ཆོས་རིག་རྒྱུད་འཛིན་གྱི་ཐོག་ལ་ནུས་པ་ཐོན་ཐུབ་ཐབས་དང་། བཙན་བྱོལ་ནང་ཆོས་དང་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་ནུས་པ་འདོན་ཐུབ་ན་བོད་དོན་བདེན་མཐའ་གསལ་བར་དུས་ཚོད་ཅུང་ཙམ་འགོར་ཡང་བོད་པའི་ངོ་བོ་མ་བརླགས་པར་གནས་ཐུབ།།

Comments are closed.