འཐབ་རྩོད་དང་ཆབ་སྲིད་ཀྱི་ལམ་བུ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༦ ཕྱི་ལོ་ ༢༠༡༦/༣/༡༦
ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་མི་མང་གིས་རྒྱ་དམར་བཙན་འཛུལ་པ་ལ་ངོ་རྒོལ་སྐད་འབོད་བྱས་ཤིང། སྐབས་དེར་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་མཐར་སྐྲོད་གཏོང། ཞེས་སྐད་འབོད་བརྒྱབ་སྟེ་ལས་འགུལ་སྤེལ་བ་ནས་བཟུང། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ད་བར་ལས་འགུལ་དེ་དྲན་གསོའི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་ཡོད་པ་རེད། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་བརྒྱུད་རིམ་ཐོག་ནས་བལྟས་ན་ཕྱི་ཟླ་༣ ཚེས་༡༠ ཡིས་ཧ་ཅང་གལ་ཆེའི་གནས་བབས་བཟུང་ཡོད། སྤྱིར་བོད་པས་རྒྱ་རྒོལ་གྱི་བརྒྱུད་རིམ་ཐོག་ནས་བལྟས་ན་ཕྱི་ལོ་༡༩༥༨ ལོའི་ཕྱི་ཟླ་༦ ཚེས་༡༦ ཉིན་ཆུ་བཞི་སྒང་དྲུག་གི་དྲག་པོའི་སྒྲིག་འཛུགས་བཙུགས་ནས་རྒྱ་གཞུང་ལ་རང་སྲོག་འབེན་བཙུགས་ཀྱིས་དྲག་རྒོལ་བྱས་ཡོད་ལ། དེ་ལ་བརྟེན་ནས་ལྷོ་ལམ་གཙང་སེལ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་ཐུབ་པ་བྱུང་ཡོད་པ་དེ་ཧ་ཅང་གསལ་པོ་རེད།
འོན་ཀྱང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ངོས་ནས་དེ་ལ་དོ་སྣང་དང་རིན་ཐང་སྤྲོད་མཁན་དེ་ཙམ་མེད་པ་དང། དེ་བས་གསུམ་བཅུའི་དུས་དྲན་ལ་དོ་སྣང་རིན་ཐང་ཆེན་པོ་ཡོད་པ་མ་ཟད། དུས་དྲན་དེ་ནི་འཛམ་གླིང་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་རྩི་སྲུང་བྱེད་བཞིན་ཡོད་པ་དང། བོད་གཞུང་གི་ངོས་ནས་ཀྱང་གཞུང་འབྲེལ་གྱི་དུས་ཆེན་ཞིག་ཡིན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་ལས་འགུལ་མང་ཆེ་བ་ཞིག་དུས་ཚོད་འདི་དང་སྟབས་བསྟུན་ནས་སྤེལ་ཡོད་ཅིང། ཕྱིའི་རྒྱལ་ཁབ་དག་གི་ངོས་ནས་ཀྱང་བོད་དོན་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཉིན་མོ་འདི་སེམས་ལ་མི་ངེས་མཁན་ཞིག་མེད་པ་ལྟ་བུར་གྱུར་ཡོད། ཕྱི་ལོ་༢༠༡༡ ལ་མ་སླེབས་ཀྱི་བར་དུ་ཉིན་མོ་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡོངས་ཁྱབ་ཀྱི་གསུང་འཕྲིན་གནང་གི་ཡོད་པ་མ་ཟད། བོད་གཞུང་གི་ལྟེ་གནས་དྷ་རམ་ས་ལའི་གཞུང་འབྲེལ་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་ཀྱིས་སྒྲོགས་སྦྱང་གནང་གི་ཡོད་པ་རེད།
བཙན་བྱོལ་བོད་པའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་དགོངས་གཞི་གང་ཡོད་པ་དེ་ཡང་གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་གསུང་འཕྲིན་ཁག་ལས་རྟོགས་ཐུབ། བར་ལམ་ཞིག་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་འགོ་འཛུགས་བྱས་པ་དང། རྒྱ་གཞུང་ལ་ཁོར་ཡུག་སྐྲུན་རྒྱུའི་བྱེད་སྒོ་ཞིག་སྤེལ་ནས་ལས་འགུལ་ལ་ཚད་བཀག་བཟོས་པ་དང། ལྷག་པར་དུ་དྲན་གསོ་དང་སེམས་ཚོར་ཆེན་པོ་སྐྱེ་ཐུབ་པའི་མི་མང་ལངས་གླུ་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གཏོང་མི་ཆོག་པ་བཟོས་པ་སོགས་འགྱུར་ཟློག་ཆེན་པོ་བྱུང་ཡོད་པ་དང། རིམ་པས་འགྱུར་བ་ཆེན་པོ་བྱུང་ནས་གསུམ་བཅུའི་དུས་དྲན་སྐབས་བོད་རང་བཙན་གྱི་སྐད་འབོད་རྒྱག་ཆོག་དང་མི་ཆོག་གི་རྩོད་གླེང་བྱུང་ནས་འདས་པའི་ལོ་རྒྱུས་ཀྱི་ངོ་བོ་མཐོང་མི་ཐུབ་པ་དང། གཞོན་སྐྱེས་ཚོ་སེམས་ཤུགས་ཆག་པའི་གནས་ཚུལ་མང་པོ་བྱུང་ཡོད།
ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་སྐོར་གྱི་རྩོད་རྙོག་དེ་ཡང་ཕྱོགས་ཡོངས་ནས་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་བསྒྱུར་ཟིན་པ་དང། བོད་དོན་ཐག་གཅོད་ཀྱི་ཐོག་ནས་བཤད་ན་རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་བསྟན་མེད་ཀྱང། བོད་པའི་ངོས་ནས་སྲིད་བྱུས་ལ་རིམ་པས་འགྱུར་བ་བཏང་སྟེ། སྤྱི་ཚོགས་ནང་བསམ་ཚུལ་རིང་ཐུང་སྣ་ཚོགས་མང་པོ་བྱུང་ཡོད་པ་དང། བསམ་ཚུལ་སྣ་ཚོགས་ཡོད་པ་དེ་ཡང་མང་གཙོའི་ལམ་ལུགས་ཀྱི་ནང་ཡོད་པའི་ཐོབ་ཐང་དང་རང་དབང་གང་ཡོད་པ་དེ་ལ་བསམ་ཤེས་མི་བྱེད་པ་མ་ཟད། གཅིག་གི་བསམ་ཚུལ་གཅིག་གིས་མེད་པ་བཟོ་ཐབས་སོགས་ཀྱི་བྱེད་སྟངས་སྣ་ཚོགས་ཡོང་གི་ཡོད། བོད་པའི་སྤྱི་ཚོགས་ནང་མང་གཙོ་ཞེས་པ་འོས་ཤོག་བླུག་རྒྱུ་གཅིག་པུ་ལ་གོ་བ་ལྟ་བུ་ལས། མང་གཙོ་སྤྱི་ཡོངས་ཀྱི་གནས་སྟངས་ལ་དེ་ཙམ་རྒྱུས་མྱོང་མེད་པ་ལྟ་བུར་གྱུར་ཡོད། ཕྱོགས་གཅིག་ནས་མང་གཙོ་དང་འཐབ་རྩོད་གཉིས་གཞི་གཅིག་ཏུ་འདུམ་རྒྱུར་རང་བཞིན་གྱིས་དཀའ་ངལ་ཡོད་པས། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མང་གཙོ་འོས་འཚམས་མེད་ཀྱང་སྲིད་པ་རེད།
མདོར་ན་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་མི་ལོ་དྲུག་ཅུ་ལ་ཉེ་བར་བསམ་བློ་ཞིག་བཏང་ན་གྲུབ་འབྲས་མངོན་གསལ་གང་ཡང་ཐོབ་མེད་པ་དང། བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་ཐོག་ནས་ཀྱང་རིམ་པས་རྒྱ་གཞུང་ལ་བསྟུན་མཁས་མང་པོ་བྱས་ནས། རྒྱ་གཞུང་གི་རྣམ་འགྱུར་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཐེབས་ཐུབ་མེད་ཀྱང། དེ་ལ་བརྟེན་ནས་བོད་པ་ནང་ཁུལ་དུ་འགལ་ཟླ་སྣ་ཚོགས་བྱུང་ཡོད། མ་འོངས་པར་ཡང་མུ་མཐུད་དུ་བསྐྱོད་རྐྱང་ལྟ་བུ་མ་ཡིན་པར་ཕྱོགས་ཡོངས་ནས་བསམ་བློ་གཏོང་དགོས། ལྷག་པར་ནང་ཁུལ་དུ་དོན་མེད་ཁ་རྡུང་གཏོང་རེས་བྱེད་པ་དང། བོད་དོན་ལ་སེམས་ཤུགས་ཡོད་མེད་དང། བླ་མ་ལ་དད་པ་ཡོད་མེད་ཀྱི་རྩོད་གླེང་ཙམ་ལ་དུས་ཚོད་གཏོང་དགོས་བྱུང་ན་ཕྱོགས་ཡོངས་ནས་འཐུས་ཤོར་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད། རང་བཙན་དང་དབུ་མ་གཉིས་ཀྱི་སྲིད་བྱུས་སྲུང་སྐྱོབ་ཙམ་མ་ཡིན་པར་སྤྱི་ཡོངས་ནས་བོད་པའི་འཐབ་རྩོད་ལ་འགན་ཁུར་ནས་བསྐྱར་ཞིབ་ཆེན་པོ་ཞིག་བྱེད་རྒྱུའི་དུས་ལ་བབ་ཡོད།།