འཐབ་རྩོད་ལ་ངོས་འཛིན་བྱས་པ་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༨༡ ཕྱི་ལོ་ ༢༠༢༢/༢ /༩
ཉེ་ཆར་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྙན་གྲགས་ཅན་དོན་གྲུབ་དབང་ཆེན་ལགས། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་འོས་སྦྱོར་ཞུས་འདུག མཐའ་མའི་འགྲན་སྡུར་ནང་རྒྱལ་ཁ་འཐོབ་ཐུབ་མིན་ཁ་ཚོན་བཅད་ནས་བཤད་དཀའ་ཡང་། འོས་གཞིའི་ནང་ཚུད་པ་ཙམ་གྱིས་བོད་མི་རིགས་དང་བོད་ཀྱི་རྩ་དོན་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད། འཛམ་གླིང་སྤྱི་ཡོངས་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལ་དོ་སྣང་དང་ཆེ་མཐོང་ཆེན་པོ་ཡོད་པ་མ་ཟད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་མི་སྣ་དག་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་བདེའི་སྣེ་ཁྲིད་འབའ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ད་བར་བོད་ཀྱི་ལོ་རྒྱུས་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་མེད་པ་དང་། ལོ་འདིར་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་འོས་གཞིའི་ནང་འོས་སྦྱོར་ཞུས་ཡོད་པས། རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལ་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་ཤིག་དང་། རྒྱ་དམར་གཞུང་ལ་འཁོན་འཛིན་ཆེ་རུ་འགྲོ་བཞིན་པས་ཁོང་ལ་རྒྱལ་ཁ་ཐོབ་མི་སྲིད་པའང་མ་རེད།
བོད་ཀྱི་འཐབ་རྩོད་ནང་གདོང་ལེན་དང་མི་རྒྱུ་ཟོག་གསུམ་ཙམ་མ་ཟད། རང་སྲོག་བློས་གཏོང་བྱེད་མཁན་གྱི་རྒྱལ་གཅེས་དཔའ་བོ་གང་མང་ཞིག་བྱུང་ཡོད་པ་དང་། རྒྱ་དམར་གཞུང་གི་བཙོན་ཁང་དུ་ཚད་ལས་བརྒལ་བའི་མནར་གཅོད་ཕོག་མཁན་མང་པོ་ཡོད་པ་བཞིན། དོན་གྲུབ་དབང་ཆེན་ལགས་ནི་དེའི་ནང་གི་གནད་ཡོད་མི་སྣ་གཅིག་རེད། གཞན་དང་མི་འདྲ་བ་ཞིག་ལ་ཁོང་ནི་ནང་མི་བུ་ཕྲུག་དང་བཅས་པ་བཙན་བྱོལ་དུ་སླེབས་ཟིན་ནའང་། བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་བསྐྱར་དུ་བོད་ལ་ལས་འགུལ་སྤེལ་དུ་འགྲོ་མཁན་གྱི་གྲས་གཅིག་ཡིན་པ་དང་། དེའི་ནང་ནས་ཀྱང་བོད་ནང་གི་བོད་མི་རྣམས་ཀྱི་བསམ་ཚུལ་གཙོ་བོ་གང་དང་གང་ཡོད་པ་དེ་བརྙན་དུ་བླངས་ནས་རྒྱལ་སྤྱིའི་ཐོག་སྐྱེལ་མཁན་གྱི་དཔའ་རྒོད་ཅིག་རེད། ཁོང་གི་ལྷག་བསམ་དང་སེམས་ཤུགས། སྙིང་སྟོབས་སོགས་གང་ཐད་ནས་འོས་ཤིང་འཚམས་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བོད་མི་རིགས་དང་བོད་ཀྱི་འཐབ་རྩོད་ལ་མཚོན་ན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ག་ཚོད་མང་བ་ཡོད་པ་དེའི་ཚོད་ཀྱིས་གཟི་བརྗིད་ཆེན་པོ་ཡིན་པ་དང་། བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད།
ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཉིད་ཕྱི་ལོ་༡༩༠༡ ལོར་འགོ་འཛུགས་བྱས་ཤིང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཕྱི་ལོ་༡༩༣༩ ནས་༡༩༤༣ བར་ནོ་སྦེལ་ཞི་བདེའི་གཟེངས་རྟོགས་སྤྲོད་ཐུབ་པ་མེད་པ་ལས། གཞན་ད་བར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་མཚམས་ཆད་མེད། རྒྱལ་སྤྱིའི་ཁྱོན་དུ་འཚེ་མེད་ཞི་བདེ་དང་འབྲེལ་བའི་སྣེ་ཁྲིད་པ་མང་དག་ཅིག་ལ་གཟེངས་རྟགས་དེ་ཕུལ་ཡོད་ལ། རྒྱལ་ཁབ་ཀྱི་ཆ་ནས་བཤད་ན་ད་བར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མང་ཤོས་ཨ་རིའི་ནང་གྲངས་༢༣ ཙམ་ཐོབ་མྱོང་བ་དང་། དབྱིན་ཇིའི་རྒྱལ་ཁབ་ནང་གྲངས་༡༠ ཧྥ་རན་སི་རྒྱལ་ཁབ་ནང་གྲངས་༩ དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་འདྲ་མིན་གྲངས་༩ ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་མྱོང་བ་རེད། དེའི་རྗེས་སུ་སུད་སི་རྒྱལ་ཁབ་ནང་གྲངས་༨ དང་། འཇར་མ་ནི་དང་། སྦེལ་རྗམ། སུ་ཝི་ཌན་བཅས་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྲངས་༤ རེ་བྱུང་ཡོད་པ་སོགས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཏུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བྱུང་ཡོད་ཅིང་། ཨེ་ཤི་ཡ་ཁུལ་དུ་ཉུང་ཤས་ཤིག་ལས་བྱུང་མྱོང་མེད།
བཙན་བྱོལ་བོད་མི་ནི་མི་འབོར་ཉུང་བ་དང་། བོད་རྒྱལ་ཁབ་དེ་རྒྱ་དམར་གཞུང་གིས་བཙན་འཕྲོག་བྱས་ནས་བཙན་བྱོལ་དུ་འབྱོར་ཞིང་། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་དུ་མ་ཞིག་ལ་སྐྱབས་བཅོལ་དུ་གནས་སྡོད་བྱས་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བྱུང་བ་ནི་མི་སྒེར་གྱི་གནད་དོན་ཙམ་མ་ཡིན་པར། མི་རིགས་དང་རྒྱལ་ཁབ། འཐབ་རྩོད་བཅས་ཀྱི་གནད་དོན་ཐོག་ནས་ཧ་ཅང་གལ་འགང་ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ནང་ངོས་སྦྱོར་ཞུས་པ་དེ། ཁོང་སྐུ་སྒེར་ཙམ་མ་ཡིན་པར་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ངོས་འཛིན་བྱས་པ་ཞིག་ཏུ་གྱུར་ཡོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་ཚོགས་པ་ཆེ་ཁག་དང་། རྒྱལ་སྤྱིའི་ཐོག་དབུ་ཁྲིད་མཚན་སྙན་ཅན་མང་པོར་འབུལ་བཞེས་གནང་མྱོང་། བོད་དོན་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་ངོས་འཛིན་ཁ་གསལ་མེད་པའི་སྐབས་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་འགྱུར་བ་ཆེན་པོ་སོང་བ་བཞིན། ད་ལན་འདི་ཡང་གོ་སྐབས་དམིགས་བསལ་ཞིག་ཏུ་གྱུར་ཡོད།
མདོར་ན་བོད་དང་བོད་པ་སུ་ཞིག་ལ་རྒྱལ་སྤྱིའི་སྟེང་ནས་ངོས་འཛིན་གསལ་པོ་ཞིག་ཐོབ་པ་ཡིན་ན། དེ་ནི་དོན་གྱིས་བོད་དོན་འཐབ་རྩོད་ལ་ངོས་འཛིན་བྱས་པ་ཞིག་ཏུ་གྱུར་ཡོད། སྐབས་རེ་བོད་མི་གང་ཞིག་ལ་རྒྱལ་ཁབ་རེ་ཟུང་གིས་ངོས་འཛིན་ལག་ཁྱེར་རམ་གཟེངས་རྟགས་ལྟ་བུ་རེ་ཐོབ་པ་དེའི་རྒྱབ་ལྗོངས་སུ་རྒྱ་དམར་གཞུང་དང་། དེའི་ལས་དོན་བྱེད་མཁན་གྱི་སྤྱི་སྒེར་ཚོགས་པ་འདྲ་མིན་ཡོད་པའི་གླེང་ཕྱོགས་ཡོད་པ་ལྟ་བུ་ཡིན་ན་ཐོབ་པ་ལས་མ་ཐོབ་ན་དགའ་བ་ཞིག་ཡིན་མོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་དེ་དང་མི་འདྲ་ཞིང་རྒྱ་གཞུང་གི་ལག་པ་དམར་པོ་རྒྱབ་ཏུ་མེད་པར། ས་གོ་ལའི་ཁྱོན་ཡོངས་ནས་ངོས་འཛིན་ཚད་མཐོ་ཡོད་པའི་ཞི་བདེའི་གཟེངས་རྟགས་ཆེ་ཤོས་སུ་ངོས་འཛིན་བྱེད་ཆོག། ད་ལྟའི་ཆར་རྩ་དོན་འཐབ་རྩོད་ཀྱི་གལ་གནད་ཤེས་མཁན་དང་། དགྲ་གཉེན་གོ་ལྡོག་གི་ལྟ་ཚུལ་མེད་མཁན། དུས་རྒྱུན་དུ་བོད་ཀྱི་རྩ་དོན་འཐབ་རྩོད་འབའ་ཞིག་ལ་དགོངས་པ་བཞེས་མཁན་རྒྱལ་གཅེས་དཔའ་བོ་དོན་གྲུབ་དབང་ཆེན་ལགས་ནི། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིར་འོས་སྦྱོར་གནང་བར་ཕྱོགས་གང་ཐད་ནས་བསམ་བློ་བཏང་ཡང་དགའ་འོས་པའི་གཏམ་བཟང་ཞིག་ཏུ་གྱུར་ཡོད།།