འདས་དོན་ལ་བརྟེན་ནས་ཡོང་འགྱུར་གྱི་འགྲུབ་འབྲས་ལ་ཚོད་དཔག་བྱས་ཏེ་སྲིད་སྐྱོང་གི་འོས་མི་ཞིག་འདེམས་རོགས།

ཚ་བ་སངས་རྒྱས་མགོན་པོ།

ཉེ་ལམ་ནས་ཚ་ཚ་འུར་འུར་ངང་བོད་མི་མང་པོ་ཞིག་གིས་མ་བསྐུལ་དང་བླངས་ཐོག་སོ་སོའི་སྲིད་སྐྱོང་གི་འོས་མི་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་དང་སྟོན་བཞིན་འདུགཁོང་ཚོས་ཡུན་རིང་བསམ་བློ་བཏང་སྟེ་ཕྱོགས་ལྷུང་མེད་པར་བོད་ཀྱི་རྩ་དོན་སེམས་ལ་བཞག་ནས་སྲིད་སྐྱོང་གི་འོས་མི་ཞིག་འདེམས་སྒྲུག་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད།

ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་ལ་ལངས་མཁན་འོས་མི་གྲངས་བརྒྱད་འདུག་ལ། ཁོང་ཚོའི་ལྷག་བསམ་དང་སེམས་ཤུགས་ལ་རྗེས་སུ་ཡི་རངས་དང་དོགས་པ་སྤུ་ཙམ་ཡང་མེད། འོན་ཀྱང་། སྲིད་སྐྱོང་གི་ཞབས་བཀྱག་སྟེང་སླེབས་ན་ཁོང་ཚོས་བསམ་དོན་བཞིན་སྲིད་སྐྱོང་གི་འགན་འཁུར་ཞུ་སྒོ་མཐའ་དག་བསྒྲུབ་ཐུབ་པའི་ཤེས་ཚོད་ཐིག་གི་མི་འདུག

འཛམ་གླིང་འདིའི་སྒང་ལ་མི་རེ་གཉིས་ཤིག་ལ་མ་གཏོགས་མང་ཆེ་བར་མངོན་ཤེས་མེད་པ་ནི་ཚང་མས་མཁྱེན་གསལ་རེད། འོན་ཀྱང་བསམ་བློ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་གཏོང་ཐུབ་མིན་ཇི་ལྟར་ཡང་། སྤྱིར་མི་ཞིག་ཡིན་ཕྱིན་ཚང་མ་ལ་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པའི་བསམ་བློའི་ནུས་ཤུགས་ཡོད་བསྡད་པ་རེད། དེར་བརྟེན། ང་ཚོས་ལས་ཀ་མང་པོ་ཞིག་མ་བྱེད་པའི་སྔོན་དུ་དེའི་འབྲས་བུ་ཇི་ལྟར་ཡོང་གི་ཡོད་མེད་ཚོད་དཔག་གམ་རྗེས་དཔག་ཚད་མ་སྔོན་དུ་བཏང་ཁུལ་གྱིས་ཐག་གཅོད་ཅིག་བྱེད་ཀྱི་ཡོད་པ་རེད།

ཐེངས་འདིའི་སྲིད་སྐྱོང་གི་འོས་མིར་ལངས་མཁན་ཚོའི་ལྷག་བསམ་དང་སེམས་ཤུགས་ལ་མ་ལྟོས་པར། ཁོང་རྣམ་པའི་འདས་དོན་གྱི་བྱ་གཞག་གཞི་ལ་བཞག་ཐོག་ཡང་ལྕི་ཞིག་བཀྱགས་ཏེ་སོ་སོས་འོས་མི་ཞིག་འདེམས་སྒྲུག་བྱས་ན། ད་གཟོད་མ་འོངས་པར་རང་ཉིད་ཀྱིས་རང་ལ་འགྱོད་པ་མི་སྐྱེ་བ་དང་། བོད་ཀྱི་རྩ་དོན་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཤིག་ཡོང་གི་རེད་དྲན།

ང་ལ་མཚོན་ན་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་གང་འདྲ་ཞིག་དགོས་ཟེར་ན། ཆ་རྐྱེན་ཐོག་མ་དེ་མང་གཙོ་ཀ་བ་གསུམ་ལ་རྒྱུས་མངའ་ཕུན་སུམ་ཚོགས་པ་ཞིག་དགོས། དེ་གསུམ་གྱི་འགྲོ་སྟངས་ལེགས་པར་མ་ཤེས་པ་ནི་གཞུང་འཐུས་ཤོར་འགྲོ་བའི་གཞི་རྩ་གཙོ་བོ་ཞིག་ཆགས་ཀྱི་ཡོད། དཔེར་ན། འདས་པའི་ལོ་ཟླའི་ནང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་བཀའ་བློན་བསྐོ་གཞག་དང་། སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཕར་འགྱང་སྐབས་ཆེས་མཐོ་ཁྲིམས་ཞིབ་ཁང་ནས་མོས་མཐུན་མ་བྱུང་བར། སྐབས་ཤིག་ལ་ལབ་གླེང་བྱུང་བའི་འགག་རྩ་དེ་བོད་མིའི་རྩ་ཁྲིམས་འབྲུ་དོན་བཞིན་གསལ་པོར་མ་མཁྱེན་པའམ་ཐུགས་མཉམ་མ་བཞག་པ་ལ་ཐུག་ཡོད་སྙམ།

ཐེངས་འདིར་ངས་སྲིད་སྐྱོང་གི་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཁོང་ལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་སྤྱི་འཐུས་གྲོས་ཚོགས་ཀྱི་ཉམས་མྱོང་དང་། ལྷག་པར་དུ་ཕྱི་ལོ་༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་སྐུ་དབང་འབུལ་བཞེས་གཏན་འཁེལ་བྱུང་སྐབས། ཁོང་ནི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཆེ་ཤོས་ནང་སྲིད་ཀྱི་བཀའ་བློན་བྱས་པའི་ཉམས་མྱོང་དང་། ཆུང་དུས་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་ཆེ་ཆུང་ཚང་མའི་ནང་དངོས་ཤུགས་བརྒྱུད་གསུམ་གྱིས་མཉམ་ཞུགས་བྱས་པ་སོགས་ཉམས་མྱོང་ཆ་ཚང་ཡོད་བསྡད་པ་ཞིག་ཡིན།

ད་ཆ་སྲིད་སྐྱོང་གི་འོས་མི་མང་ཆེ་བས་སྲིད་སྐྱོང་ལ་ལངས་པའི་རྒྱུ་མཚན་དང་ལས་འཆར་རྣམས་རགས་བསྡུས་ཤིག་བོད་ཀྱི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་བཤད་ཟིན་འདུག དེ་དག་ཕྱོགས་གཅིག་ཏུ་སྤུངས་ཏེ། ཁོང་རྣམ་པས་ད་བར་བོད་ཀྱི་རྩ་དོན་དང་མི་རིགས་ལ་ཕན་པའི་བྱ་གཞག་འགོ་ཇི་ཙམ་བརྩམས་ཡོད་པ་དང་། དེའི་ཁོངས་ནས་ལམ་ལྷོངས་བྱུང་བ་དང་མཇུག་སྐྱོང་ག་ཚོད་བྱས་ཡོད་མེད་ལ་ལྟ་ཙམ་བྱས་ན་བསམ་བློ་གཏོང་བའི་གོ་སྐབས་ཤིག་རགས་ཀྱི་རེད། འགོ་ཁྲིད་ཅིག་ཡིན་ན། ཁ་ལས་བཤད་པ་ལས་དོན་ལ་ལག་ལེན་མང་ཙམ་བསྟར་མཁན་ཞིག་ཡིན་དགོས། འདི་ནི་དོན་དམ་པའི་འགོ་ཁྲིད་ཅིག་ལ་ཚང་དགོས་པའི་ཆ་རྐྱེན་གཉིས་པ་དེ་ཡིན་སྙམ། དེ་མིན་དེང་སང་འཛམ་གླིང་འདིའི་སྒང་ལ་མི་ཆ་ཡོད་ཀྱིས་ཆ་མེད་གཏམ་བཤད་མཁན་མང་དྲག་པ་ལས་ཉུང་དྲག་ཡོད་པ་མ་རེད།

བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་ད་བར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཞུགས་ཏེ། བྱ་བ་འགོ་བརྩམས་རྗེས་མཇུག་མ་འཁྱོལ་བར་ལྷག་འཕྲོ་བཞག་ཡོད་པ་ད་བར་ངས་ཞིབ་འཇུག་བྱས་པ་བརྒྱུད་འཕྲད་མ་སོང་ལ། གཞན་ནས་གོ་ཐོས་ཀྱང་མ་བྱུང་། དཔེར་ན། ལྡི་ལི་བོད་སྒར་བསམ་ཡས་གླིང་དང་། ལྡི་ལི་བུདྷ་བི་ཧར། བཞུགས་སྒར་རྡ་སའི་ཟློས་གར་རྒྱ་ལམ་གྱི་འདུས་ཁྱིམ། དེ་བཞིན་མཚོ་པདྨའི་གུ་རུ་སྒྲུབ་ཕུག་སོགས་རྒྱ་གར་གཞུང་ནས་གཏོར་བཤིག་གཏོང་རྒྱུའི་གཏན་འཁེལ་ཟིན་པར། ཁོང་གིས་རྒྱ་གར་དབུས་ས་གཞུང་དང་འབྲེལ་ལམ་གང་ཐུབ་ཞུས་ཏེ་བཀག་ཐུབ་ཡོད་པ་མ་ཟད། ཁོང་རང་གཞུང་ཁོངས་ཕྱག་ལས་མ་གནང་ནའང་། རང་གིས་གང་ཐུབ་ཅི་ནུས་ཀྱིས་བོད་མི་མང་ལ་ལྷག་བསམ་དང་ཤ་ཚ་ཆེན་པོས་རོགས་སྐྱོར་གནང་དང་གནང་མུས་ཡིན་འདུག དེ་ཡང་། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བ་བྱིངས་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་ནི་དགུན་ཚོང་ཆགས་བསྡད་ཡོད། ང་ཚོ་ནི་གཞན་དབང་སྟབས་བསྟུན་ཡིན་སྟབས་དུས་ནས་དུས་སུ་དཀའ་ངལ་མྱངས་དང་མྱོང་བཞིན་ཡོད།མིའི་དགུན་ཚོང་བའི་ས་ཆའི་དཀའ་རྙོག་རབ་དང་རིམ་མང་པོ་བྱུང་བར་དེ་དག་གི་མང་ཆེ་བའི་དཀའ་ངལ་རྣམས་ཁོང་གིས་བསལ་ཐུབ་ཡོད། དེ་དག་ལ་བལྟས་ན་ཁོང་ནི་རང་བཞིན་གྱིས་བོད་མིའི་དཀའ་ངལ་སེལ་མཁན་དང་དཀའ་སྡུག་གང་ལའང་གདོང་ལེན་ཐུབ་མཁན་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ།

དེ་བཞིན་འགོ་ཁྲིད་ཅིག་ལ་ཆ་རྐྱེན་ངེས་པར་དུ་དགོས་པ་དེ་རང་གི་ལྟ་བའི་ཕྱོགས་གསལ་པོ་ཡིན་པ་གང་ཞིག་ལ། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་ཐུག་དུས་རང་གི་ལངས་ཕྱོགས་གཅིག་པ་མིན་ཡང་། ཀུན་དང་བསྟུན་མཁས་ཀྱིས་ནུས་པ་མཉམ་སྤུངས་དང་མཉམ་རུབ་བྱེད་ཐུབ་མཁན་ཞིག་དགོས་ཡོད། ད་ལྟའི་གནས་སྐབས་ལ་དེ་ལྟར་བྱེད་ཐུབ་མཁན་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལས་ལྷག་པ་ཞིག་མི་འདུག བར་སྐབས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་འཁྲུག་ཆ་དོད་དུ་འགྲོ་བ་ལྟ་བུར་མཐོང་། ད་ཆ་ལྟ་བ་ལངས་ཕྱོགས་ཇི་ལྟར་ཡིན་ཡང་འཁྲུག་ཆ་དེ་ཞི་འཇམ་དང་མཉམ་དུ་འཁྲིད་ཐུབ་མཁན་ཞིག་དགོས་ཡོད་པ་རེད། དེའི་ནུས་པ་དེ་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཁོ་ན་ལ་ཡོད་པ་མཐོང་གི་འདུག

བོད་ཆོས་ལྡན་གྱི་ཞིང་ཁམས་སུ་རྒྱ་ནག་དམར་པོས་བཙན་འཛུལ་ཧམ་བཟུང་བྱས་རྗེས། རྒྱ་གར་དུ་བོད་མི་བཙན་བྱོལ་ལ་སླེབས་སྐབས་རྟེན་ས་གནམ་དང་ས་གཉིས་མ་གཏོགས་མེད་པའི་དུས་དེར། རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་མཆོག་དང་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་ནང་གནས་སྐབས་རིང་གནས་ཆོག་པ་མ་ཟད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཞིན་བོད་ཕྲུག་རྣམས་ལ་དམིགས་བསལ་བོད་པའི་སློབ་གྲྭ་དང་། གཞིས་ཆགས་འཛུགས་བསྐྲུན་གྱི་ཆ་རྐྱེན་མཐུན་འགྱུར་སྦྱར་བ་ནི་བཀའ་དྲིན་གཞལ་ཐབས་འབྲལ་བ་ཞིག་ཡིན། སྤྱིར་རྒྱལ་ཁབ་གཞན་དག་གིས་ང་ཚོར་རོགས་སྐྱོར་བྱས་དང་བྱེད་མུས་ཡིན་ཡང་། ད་བར་རྒྱ་གར་རྒྱལ་ཁབ་ཀྱིས་གནང་བ་བཞིན་རྒྱལ་ཁབ་སུས་ཀྱང་བྱས་མྱོང་མེད། ཉེ་རབས་འཛམ་གླིང་ནང་རྒྱ་ནག་རྒྱལ་ཁབ་དེ་དཔལ་འབྱོར་གྱི་སྟོབས་འབྱོར་ཤུགས་ཆེན་པོར་འཕེལ་བར་བརྟེན། དེང་བོད་ལ་རྒྱལ་ཁབ་སུས་རོགས་སྐྱོར་བྱེད་ཀྱང་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བསྟུན་ཅི་ཐུབ་བྱེད་པ་མ་གཏོགས་ཁ་ཞེ་གཉིས་མེད་ཀྱིས་རོགས་སྐྱོར་བྱེད་མཁན་དཀོན་པོར་མཐོང་། རྒྱ་གར་གྱིས་རྒྱལ་སྤྱིའི་སྟེང་བོད་ལ་རོགས་སྐྱོར་བྱེད་པའི་རྣམ་པ་ཤུགས་ཆེན་པོ་མ་བསྟན་ཡང་། བརྒྱུད་ནས་རོགས་སྐྱོར་ཆེན་པོ་བྱས་དང་བྱེད་མུས་ཡིན་པ་ང་ཚོས་ངེས་པར་དུ་ཤེས་དགོས་ལ། བོད་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ནི་ལོ་ངོ་སྟོང་ཕྲག་མང་པོ་སྔོན་ནས་ཡོད་སྟབས། མ་འོངས་པར་བོད་ཀྱི་གྲོགས་པོ་ཕུགས་འཕེར་སྲ་བརྟན་ཞིག་དགོས་ན་རྒྱ་གར་མ་གཏོགས་འགྲོ་ས་མེད་པའང་ཤེས་དགོས། རྒྱལ་ཁབ་གཞན་གྱིས་རོགས་སྐྱོར་བྱེད་པ་དེ་ཡག་པོ་ཞིག་རེད་དེ། མ་འོངས་སྲ་བརྟན་ཇི་ཙམ་ཡོང་གི་ཡོད་མེད་ནི་ཤེས་ཚོད་མི་ཐིག་ལ། ཨ་རིའང་དེ་དང་འདི་བཞིན་ཡིན་སྙམ། དེར་བརྟེན། གཞིས་བྱེས་བོད་མིའི་སྐུ་ཚབ་མཚོན་པའི་བོད་མིའི་སྒྲིག་འཛུགས་དང་། གཞིས་ཆགས། སློབ་གྲྭ། དགོན་སྡེ་སོགས་རྒྱ་གར་ནང་ཡོད་པས། རྒྱ་གར་ནི་བོད་ཀྱི་ཆབ་སྲིད་དང་རིག་གཞུང་གང་གི་ཆ་ནས་བལྟས་ཀྱང་གལ་འགངས་ཆེ་ཤོས་ཤིག་ཆགས་བསྡད་ཡོད། མ་འོངས་པར་བོད་ཀྱི་ཆབ་སྲིད་འགོ་ཁྲིད་སུ་ཞིག་སླེབས་ནའང་རྒྱ་གར་གཞུང་དམངས་གཉིས་ལ་འབྲེལ་བ་དམ་ཟབ་བྱེད་ཐུབ་མཁན་ཞིག་དགོས་པ་དེ་ནམ་ཡང་ང་ཚོས་བརྗེད་མི་ཉན་པ་ཡིན་དྲན་གྱི་འདུག ད་ལྟ་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་ཚོའི་ནང་ནས་འབྲེལ་བ་དེ་དམ་འཛིན་བྱེད་ཐུབ་པའི་རེ་བ་ཆེ་ཤོས་ནི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལས་ལྷག་པ་མི་འདུག་སྙམ།

ཉེ་རབས་ལོ་ཤས་ནས་བོད་མིའི་སྒྲིག་འཛུགས་གཙོས་དང་བོད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཆེད་ལས་འགུལ་དང་ཟབ་སྦྱོང་སྣ་མང་ཞིག་གོ་སྒྲིག་ཞུས་སོང་། འོན་ཀྱང་ད་རེས་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་མཚོན་པའི་སྲིད་སྐྱོང་གི་འོས་མི་ཞིག་མངོན་གསལ་དུ་ཐོན་ཡང་། བོད་ཀྱི་བུད་མེད་ཚོགས་པ་དང་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་སྐོར་གླེང་སློང་བྱེད་མཁན་ཚོའི་ཁ་ལྐུགས་པར་གྱུར་བ་ལྟ་བུ་ཁུ་སིམ་མེར་རེད་འདུག སྤྱིར་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་བུད་མེད་ཡིན་པའི་ཁེ་བཟང་ལེན་པར་མི་འདོད་ལ། སྲིད་སྐྱོང་འོས་མི་གཞན་དང་འདྲ་མཉམ་གྱིས་འོས་བསྡུར་འགྲན་ཞུགས་བྱེད་འདོད་པ་ཤེས་ཚོད་ཐིག་གི་འདུག ངས་སྲིད་སྐྱོང་གི་འོས་མིར་ལངས་མཁན་ཚོར་ཚོགས་པ་སྐྱིད་སྡུག་ནས་རྒྱབ་སྐྱོར་བྱེད་མི་ཆོག་པ་ཤེས་ཀྱི་ཡོད་ཀྱང་། གང་ལྟར་འོས་བསྡུའི་སྒྲིག་གཞི་ལས་མ་འགལ་བར་སོ་སོའི་སྒེར་ངོས་ནས་རྒྱབ་སྐྱོར་གྱི་རྣམ་པ་དང་བསམ་ཚུལ་བརྗེ་རེས། དེ་བཞིན་ལས་འགུལ་སྤེལ་བར་དགག་བྱ་མེད་པ་ནི་ཁོང་ཚོས་མ་ཤེས་པ་ག་ལ་ཡིན།

མདོར་ན། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སྲིད་སྐྱོང་དུ་ལངས་པ་དེས་རྒྱལ་སྤྱིའི་སྟེང་བོད་ཀྱི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ནི་ཁྲིམས་ཀྱི་དབང་སྒྱུར་ཡིན་པ་ལས་མི་ཡིས་དབང་སྒྱུར་མིན་པ་གསལ་སྟོན་ཐུབ་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་ལ་གོ་བརྡ་ཞིག་ཀྱང་སྤྲད་ཐུབ་ཀྱི་ཡོད། ཁོང་ནི་རྒྱ་གར་དང་རྒྱལ་སྤྱིའི་ཆབ་སྲིད་ཚོགས་པ་དང་དཔོན་རིགས་ཁག་ལ་འབྲེལ་ལམ་ཟབ་ཅིང་། བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ལ་རྒྱུས་ལོན་ཕུན་སུམ་ཚོགས་པ། ལོ་མང་རིང་བོད་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྤྱི་སྒེར་ཚོགས་པ་ཁག་ལ་ལས་འཁུར་ཞུས་པའི་མཉམ་མྱོང་ཕུལ་དུ་བྱུང་བ། ལྷག་དོན་༸གོང་ས་མཆོག་གི་དགོངས་གཞི་འགལ་མེད་བྱ་བ་གང་ཞིག་བརྩམས་ཀྱང་མཇུག་སྐྱོང་ཐུབ་མཁན་ཡིན་པ་མ་ཟད། ལྷག་བསམ་ལྡན་ཞིང་རང་གཤིས་དྲང་ལ་སྤྱི་ཚོགས་ནང་རྙོག་གླེང་མེད་པ། རང་གི་ལྟ་བ་ལངས་ཕྱོགས་མ་འདྲ་ནའང་བོད་ཀྱི་རྩ་དོན་འགྲུབ་པར་ནུས་པ་མཉམ་སྤུངས་ཐུབ་མཁན་སྟེ། ཆོལ་གསུམ་བོད་མི་གཅིག་ཏུ་བསྒྲིལ་ནུས་པའི་ད་ཡོད་བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ཁོ་ན་དེ་ཡིན་པ་ཚོར་བཞིན་འདུག