འདས་པའི་བདུན་ཕྲག་གཅིག་ནང་བོད་མི་༣༦ ལ་ཏོག་ནད་ཐོན་འདུག 

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༣༦ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༩ དང་། བུད་མེད་གྲངས་ ༧ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༨༨ དང་ཆུང་ཤོས་དེ་ལོ་༡༢། བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་  འདས་གྲོངས་སུ་གྱུར་ཡོད་འདུག དེ་བཞིན་རྒྱ་གར་ནང་དུས་ཆེན་མང་པོ་འཁེལ་གྱི་ཡོད་སྟབས་སྔར་ལྷག་གཟབ་གཟབ་གནང་དགོས་ཀྱི་ཡོད། སྔོན་འགོག་ལམ་སྟོན་གྱི་བྱེད་སྒོ་ཁག་ལག་བསྟར་གནང་དགོས་རྒྱུ་དང་སྨན་ཁབ་བསྐྱོན་མེད་ཚེ་ངེས་པར་བསྐྱོན་དགོས་པའི་ལམ་སྟོན་གནང་སོང་།

ཟླ་༡༠ པའི་ཚེས་༢༡  ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༢ དེ་སྤེལ་ཡོད་པ་རེད།

དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༡ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༢ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་༩༨ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༡༥༡ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༢༤༩ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།

སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་མི་གྲངས་ ༡༠ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་གདལ་སྔོན་འགོག་སླད་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༤ དང་བལ་ཡུལ་ནང་གི་ས་གནས་གྲངས་  བཅས་ཀྱི་བོད་མི་གྲངས་༦༢༣ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།

དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༡༠༨༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༡༠༣༩༧ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན།  ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༥༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༦༦༩༧ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད། 

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༣༦ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༩ དང་། བུད་མེད་གྲངས་ ༧ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༨༨ དང་ཆུང་ཤོས་དེ་ལོ་ ༡༢  ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་  འདས་གྲོངས་སུ་གྱུར་ཡོད།

ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༧༠༤ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༤༩༤། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥༣། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༥༧ ཡོད་ཅེས་སོགས་གསུངས་སོང་།

རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ལམ་སྟོན་གནང་དོན། སྤྱིར་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་ལྟར་རྒྱ་གར་ནང་དུའང་གནས་སྟངས་ཇེ་བཟང་དུ་འགྲོ་དང་འགྲོ་བཞིན་ཡོད། འདས་པའི་ཆུ་ཚོད་ ༢༤ ནང་ནད་གཞི་གསར་པ་ཕོག་མཁན་མི་གྲངས་སྟོང་ཕྲག་བཅོ་བརྒྱད་དང་བཞི་བརྒྱ་ལྔ་བཅུ་ང་བཞི་དང་། དེ་བཞིན་འདས་པའི་བདུན་ཕྲག་གཅིག་གི་ནང་ཆ་སྙོམས་ཀྱི་ནད་པའི་གྲངས་འབོར་༡༥༣༢༢ ཆགས་ཀྱི་ཡོད་པའི་ཁོངས་ནས་ཕལ་ཆེ་བ་རྒྱ་གར་གྱི་མངའ་སྡེ་ཀེ་རེ་ལ་ནས་ཡིན་འདུག  འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ནད་གཞིའི་གྲངས་འབོར་ཉུང་དུ་ཕྱིན་པའི་རྒྱུ་མཚན་གཙོ་བོ་ནི། སྔོན་འགོག་སྨན་ཁབ་མང་པོ་བརྒྱབ་ཐུབ་པ་དང་སོ་སོའི་ངོས་ནས་སྔོན་འགོག་གི་ཐབས་ལམ་ཁག་ལག་བསྟར་གནང་བ་ལ་བརྟེན་ནས་བྱུང་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག་གི་ཡོད་རེད་བསམ་གྱི་འདུག  དཔེར་ན་རྒྱ་གར་ནང་སྔོན་འགོག་སྨན་ཁབ་བརྒྱབ་པ་ནས་བཟུང་ད་བར་སྔོན་འགོག་སྨན་ཁབ་ཐེར་འབུམ་གཅིག་བརྒྱབ་ཐུབ་ཡོད།

སྤྱིར་ད་ལྟའི་ཆར་གནས་སྟངས་ཇེ་བཟང་དུ་འགྲོ་བཞིན་ཡོད་ནའང་ས་ཁུལ་ཁ་ཤས་ནང་ད་དུང་ཡིན་ནའང་ཏོག་དབྱིབས་གཉན་རིམས་ཕོག་མཁན་མང་པོ་ཡོང་གི་ཡོད་པར་བརྟེན་ཚང་མས་ལྷོད་གཡེང་དུ་མ་སོང་བར་སྔོན་འགོག་གི་ཐབས་ལམ་ཁག་སྔར་ལྟར་མུ་མཐུད་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཕྱོགས་མཚུངས་རྒྱ་གར་ནང་དུས་ཆེན་མང་པོ་འཁེལ་གྱི་ཡོད་སྟབས་སྔར་ལྷག་གཟབ་གཟབ་གནང་དགོས་ཀྱི་ཡོད། སྔོན་འགོག་ལམ་སྟོན་གྱི་བྱེད་སྒོ་ཁག་ལག་བསྟར་གནང་དགོས་རྒྱུ་དང་སྨན་ཁབ་བསྐྱོན་མེད་ཚེ་ངེས་པར་བསྐྱོན་དགོས། སྔོན་འགོག་སྨན་ཁབ་ཀྱི་ཁེ་ཕན་གང་ཡོད་པ་ཚང་མས་མཁྱེན་གྱི་ཡོད། ད་ལྟ་རྒྱ་གར་ནང་གནས་སྟངས་ཇེ་བཟང་དུ་ཕྱིན་ཡོད་པར་བརྟེན་རིམ་བཞིན་སློབ་གྲྭ་ཁག་སྒོ་ཕྱེ་བཞིན་ཡོད། ཕྱོགས་མཚུངས་བོད་པའི་སློབ་གྲྭ་ཁག་ཀྱང་སྒོ་ཕྱེ་ཡོང་གི་ཡོད། སློབ་གྲྭའི་ཁོར་ཡུག་ནང་མི་མང་པོ་ཞིག་མཉམ་དུ་བཞུགས་ཀྱི་ཡོད་སྟབས་སྔོན་འགོག་བྱེད་སྒོ་ཁག་ལ་དམིགས་བསལ་དོ་སྣང་བྱེད་དགོས་རྒྱུ་ཧ་ཅལ་གལ་ཆེན་པོ་རེད་ཅེས་ལམ་སྟོན་གནང་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།