འདས་པའི་བདུན་ཕྲག་ནང་བོད་མི་༣༩ ལ་ཏོག་ནད་ཐོན་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་བལ་གཉིས་ནང་གི་བོད་མི་གྲངས་ ༣༩ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༧ དང་། བུད་མེད་གྲངས་ ༡༢ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༧༢ དང་ཆུང་ཤོས་དེ་ལོ་ ༣ ཡིན། བདུན་འདིར་ཏོག་དབྱིབས་རྐྱེན་པས་མི་ ༣ འདས་གྲོངས་སུ་གྱུར་ཡོདའདུག
ཟླ་༡༢ པའི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༨༨ པ་དེ་སྤེལ་གནང་སོང་།
དེ་ཡང་ཐོག་མར་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་གསུང་དོན། འདི་ལོའི་ཕྱི་ཟླ་ ༡༡ ཟླ་མཇུག་ཙམ་ནས་ཏོག་དབྱིབས་ཀྱི་རྣམ་པ་གསར་པ་ཨོ་མི་ཀྲོན་ (Omicron) ཞེས་པ་ཞིག་ཁྱབ་གདལ་འགྲོ་བཞིན་ཡོད་པ་དང་། རྣམ་པ་དེ་ཉིད་གཞན་ལས་ཛ་དྲག་ཅིང་ཁྱབ་ནུས་ཆེ་བ་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པས་ཚང་མས་དོགས་ཟོན་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་དང་འབྲེལ་ནས་འཛམ་གླིང་ཡུལ་གྲུ་ཁག་ནས་རྒྱ་གར་ནང་ཕེབས་མཁན་རྣམས་ནས་ཉིན་གྲངས་བདུན་རིང་རང་ཁྱིམ་དུ་ཟུར་བཀག་བཞུགས་རྒྱུ་གནད་འགག་ཆགས་ཀྱི་འདུག དེའི་ཐད་སྒྲིག་འཛུགས་ཁོ་ན་མ་ཡིན་པར་གང་ཟག་སྒེར་སོ་སོས་འགན་ཁུར་བཞེས་ཏེ་ཟུར་བཀག་ཏུ་བཞུགས་རྒྱུ་དང་བརྟག་དཔྱད་གནང་རྒྱུ་གལ་ཆེ། དེ་བཞིན་སུད་ཚོང་བ་རྣམས་དགུན་ཚོང་གྲུབ་མཚམས་ནང་དུ་མ་ལོག་སྔོན་ཏོག་དབྱིབས་བརྟག་དཔྱད་གནང་དགོས་པ་དང་། རང་ཁྱིམ་དུ་ཕེབས་པའི་རྗེས་སུའང་ལྷ་རབ་བྱུང་ན་རང་གཞན་གཉིས་ཕན་སླད་བདུན་གཅིག་རིང་ཟུར་བཀག་ཏུ་བཞུགས་ན་ཕན་ཐོགས་ཆེ།
ནད་འབུ་འདི་གཉན་སྲིན་གྱི་རིགས་ཡིན་ཙ་ན་རྣམ་པ་ཇི་ཙམ་གྱུར་ནའང་གཉན་སྲིན་རང་ཡིན་པས་འགོ་ཁྱབ་སྔར་ལྟར་འགྲོ་གི་ཡོད་སྟབས། ལག་པ་ཡང་ཡང་བཀྲུ་རྒྱུ་དང་། ཁ་རས་གྱོན་རྒྱུ། རྒྱང་ཐག་འཇོག་རྒྱུ་མཚོན་སྔོན་འགོག་ལམ་སྟོན་སྔར་ཡོད་གང་ཡིན་ལ་འགྱུར་བ་མེད། ལམ་སྟོན་དེ་དག་ལག་བསྟར་ཞུས་ན་རང་ཉིད་ལ་ཁེ་ཕན་མ་གཏོགས་གྱོང་གུད་ཅི་ཡང་མེད། དེ་བཞིན་འདས་པའི་ཉམས་མྱོང་ལས་སློབ་གསོ་བླངས་ཏེ་གཞུང་འབྲེལ་གྱི་ཚོགས་འདུ་མཚོན་པའི་འདུ་འཛོམས་ཁག་ལ་ཚང་མས་གཟབ་གཟབ་གནང་རྒྱུ་གལ་ཆེ། དེང་སྐབས་དགུན་དུས་སུ་རང་ཁྱིམ་དུ་སྒོ་དང་སྒེའུ་ཁུང་བརྒྱབ་ནས་འདུ་འཛོམས་བྱེད་དུས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་འགྲོ་ཉེན་ཆེ་བ་མ་ཟད། རིང་མིན་ཡེ་ཤུའི་འཁྲུངས་སྐར་དང་ཕྱི་ལོའི་ལོ་གསར་སླེབས་ཀྱི་ཡོད་པས་ཚང་མས་སྔོན་འགོག་ལམ་སྟོན་གཞིར་བཟུང་གང་གཟབ་གནང་གལ་ཆེ་ཞེས་གསུངས་སོང་།
ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༨ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༩ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༣༢ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༨༩ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༡༢༡ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༥༢༠༢༦ ལ་རིན་མེད་བགོ་འགྲེམས་གནང་ཡོད། དེ་བཞིན་མི་རིགས་ཕོ་མོ་དབྱེ་བ་མེད་པར་ཏོག་དབྱིབས་ནད་པ་གྲངས་ ༧༢༥༨ ལ་རིན་མེད་སྨན་སྦྱིན་ཞབས་ཞུ་བསྒྲུབས་ཡོད་པ་རེད།
ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༡ བཅས་ཀྱི་བོད་མི་གྲངས་ ༣༧༨ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༦༡༤༠ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༤༠༦༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༤༨ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༦༩༨༠ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད། བལ་ཡུལ་ནང་བྱིས་པ་ལོ་ ༡༨ མན་ལ་སྔོན་འགོག་ཁབ་རྒྱག་འགོ་ཟིན་པ་ལྟར་འཕྲོད་བསྟེན་ལས་ཁུངས་སུ་གྲངས་ཐོ་འབྱོར་བར་གཞིགས་ན་བོད་མིའི་ཕྲུ་གུ་ ༤ ལ་སྔོན་འགོག་ཁབ་ཐོབ་ཡོད། རིང་མིན་རྒྱ་གར་ནང་དུ་བྱིས་པ་རང་ལོ་ ༡༨ མན་ལ་ཏོག་དབྱིབས་སྔོན་འགོག་ཁབ་བརྒྱག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། ཛ་དྲག་ཚོགས་ཆུང་དང་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། འབྲེལ་ཡོད་སྨན་ཞབས་པ། དགོན་སྡེ་ཁག་དང་ལྷན་ཚོགས་འདུ་ཐེངས་འགའ་བསྐྱངས་ཡོད་པ་མ་ཟད། སློབ་གྲྭ་ཁག་དང་དགོན་སྡེ་ཁག་གི་སྨན་ཞབས་པ་རྣམས་ལ་ཏོག་དབྱིབས་སྔོན་འགོག་ཁབ་ཐོན་ཟིན་རྣམས་ཀྱི་གྲངས་ཐོ་བསྡུ་རུབ་བྱེད་ཕྱོགས་སོགས་དང་འབྲེལ་བའི་ཐད་ཟབ་སྦྱོང་འབུལ་འཆར་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་བལ་གཉིས་ནང་གི་བོད་མི་གྲངས་ ༣༩ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༧ དང་། བུད་མེད་གྲངས་ ༡༢ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༧༢ དང་ཆུང་ཤོས་དེ་ལོ་ ༣ ཡིན། བདུན་འདིར་ཏོག་དབྱིབས་རྐྱེན་པས་མི་ ༣ འདས་གྲོངས་སུ་གྱུར་ཡོད།
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༩༣༥ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༧༡༤། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༢། ད་ལྟ་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༥༩ ཡོད་པ་ཕལ་ཆེ་བ་རྒྱ་གར་ལྷོ་ཕྱོགས་མོན་སྒོ། སྦེལ་ཀོབ། བདེ་སྐྱིད་གླིང་། དོན་གྲུབ་གླིང། ལ་དྭགས། བལ་ཡུལ་ཇོར་པ་ཊི་ཁུལ་ནས་རེད་འདུག་ཅེས་གསུངས་སོང་།
རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་སྒྲོལ་གྱིས་ལམ་སྟོན་གནང་དོན། ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པ་ནང་ལྟར། ཏོག་དབྱིབས་གཉན་རིམས་ཀྱི་གཉན་སྲིན་གྱི་ངོ་བོ་གྱུར་ཡོད་པ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༤ ཉིན་ལྷོ་ཨཕ་རི་ཀ་ནས་ངོས་འཛིན་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནས་ནད་ཡམས་འདིའི་མིང་ལ་ཨོ་མི་ཀྲོན་(Omicron) ཞེས་བཏགས་ཡོད། ནད་འབུ་འདི་ཉིད་སྔར་དང་མི་འདྲ་བ་ཁྱབ་གདལ་འགྲོ་སླ་བ་ཡོད་མེད་དང་། ནད་ཡམས་འདི་འགོས་པ་ཡིན་ན་གནས་སྟངས་ཛ་དྲག་པོ་ཆགས་ཏེ་འདས་གྲོངས་འགྱུར་རྒྱུའི་ཉེན་ཁ་ཡོད་མེད་ཁ་གསལ་ཤེས་ཀྱི་མེད། འོན་ཀྱང་ཚན་རིག་པ་རྣམས་ཀྱིས་ཞིབ་འཇུག་གནང་དང་གནང་མུས་རེད་ཅེས་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།