འདས་པའི་ཟླ་བ་དྲུག་གི་ནང་དུ་ཧིན་སྒོར་གྱི་འཛའ་༥%ཆག་ཡོད་འདུག
ཟླ་འདིིའི་ཚེས་༢༠ ་ཉིན་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཟླ་བ་དྲུག་གི་ནང་དུ་ཧིན་སྒོར་གྱི་འཛའ་བརྒྱ་ཆ་༥%ཆག་ཡོད་པའི་གནས་ཚུལ་ཐོན་འདུག
སྤྱི་ལོ་༢༠༡༤ ལོ་ཨ་སྒོར་གཅིག་ལ་ཧིན་སྒོར་༦༣ གནས་ཀྱི་ཡོད་ན་ཡང་། ད་ལྟའི་ཆར་ཨ་སྒོར་གཅིག་ལ་ཧིན་སྒོར་༨༠ གནས་ཀྱི་ཡོད་འདུག་པས། སྤྱི་ལོ་༢༠༡༤ ནས་བཟུང་ད་བར་ཧིན་སྒོར་གྱི་འཛའ་༢༥% ཆག་ཡོད་པའི་གནས་ཚུལ་ཐོན་འདུག
ཉེ་བའི་ཆར་རྒྱ་ནག་གི་ནང་དུ་ཏོག་དབྱིབས་གཉན་རིམས་༡༩ ཁྱབ་བརྡལ་ཕྱིན་པའི་དབང་གིས་དུས་ཡུན་རིང་པོ་ལ་སྒོ་རྒྱ་བསྡམས་པ་དང་། ཡུག་རེན་དང་ཨུ་རུ་སུའི་དབར་གྱི་དམག་འཁྲུག་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་ཚོང་གི་བརྒྱུད་ལམ་ལ་དོ་ཕོག་ཕྱིན་ཡོད་པ་དང་།དེ་བཞིན་ཅ་དངོས་ཀྱི་རིན་གོང་འཕར་པ་དང་རྒྱ་གར་གྱི་ནང་དུ་མ་འཛུགས་བྱེད་མཁན་དག་གིས་མ་དངུལ་ཁྱོན་བསྡོམས་ཨ་སྒོར་ཐེ་འབུམ་༡༤ ལྷག་རྒྱ་གར་ནས་ཕྱིར་འཐེན་བྱས་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན། ཧིན་སྒོར་གྱི་འཛའ་ཆག་ཡོད་རབས་བརྗོད་འདུག
ཧིན་སྒོར་གྱི་འཛའ་ཆག་པའི་དབང་གིས་རྒྱ་གར་གྱི་ནང་དུ་ཡོད་པའི་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པའི་དངོས་ཟོག་དག་གི་རིན་གོང་མཐོ་རུ་འགྲོ་རྒྱུ་དང་། དེའི་ནང་ནས་རྒྱ་གར་གྱི་སྣུམ་གྱི་བརྒྱ་ཆ་༨༥% དང་སོལ་རླངས་བརྒྱ་ཆ་༥༠% རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་བཞིན་ཡོད་པར་བརྟེན། རྒྱ་གར་གྱི་ནང་དུ་སྣུམ་དང་སོལ་རླངས་ཀྱི་རིན་གོང་འཕར་རྒྱུ་དང་། དེ་བཞིན་རླངས་འཁོར་དང་ཁ་པར་སོགས་ཀྱི་གོང་ཚད་མཐོ་རུ་འགྲོ་རྒྱུ་ཙམ་མ་ཟད། གནམ་གྲུའི་རིན་པ་དང་རྒྱལ་ཁབ་གཞན་དུ་སློབ་སྦྱོང་བྱེད་དུ་འགྲོ་མཁན་དག་གི་སློབ་ཡོན་སོགས་ཇེ་མཐོ་དུ་འགྲོ་རྒྱུའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག
ཧིན་སྒོར་གྱི་འཛའ་ཆག་པ་དེ་ཡིས་རྒྱ་གར་ནས་དངོས་ཟོག་ཕྱིར་འདྲེན་བྱེད་མཁན་གྱི་སྡེ་ཚན་ཁག་དང་རྒྱལ་ཁབ་གཞན་དུ་ལས་ཀ་གཉེར་ནས་རྒྱ་གར་དུ་དངུལ་གཏོང་མཁན་དག་ལ་ཁེ་སང་མང་བ་རག་གི་ཡོད་རབས་བརྗོད་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གཞན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཁབ་མང་པོའི་ནང་དུ་དངུལ་གྱི་འཛའ་ཆག་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ཆར་ཡུ་སྒོར་དང་ཨ་སྒོར་གཉིས་ཀྱི་འཛའ་གཅིག་པ་ཆགས་ཡོད་པ་དང་། དེ་ནི་འདས་པའི་མི་ལོ་ཉི་ཤུའི་ནང་ཨ་སྒོར་དང་ཡུ་སྒོར་གྱི་འཛའ་གཅིག་པ་ཆགས་པ་ཐོག་མ་ཡིན་པའི་གནས་ཚུལ་ཐོན་ཡོད་ལ། དེ་བཞིན་ཉི་ཧོང་གི་ནང་དུ་ཡང་དངུལ་གྱི་འཛའ་ཆག་བཞིན་ཡོད་པ་དང་། ད་ལྟའི་ཆར་ཨ་སྒོར་གཅིག་ལ་ཉི་ཧོང་གི་དངུལ་༡༣༩ གནས་ཀྱི་ཡོད་པ་དང་། དེ་ནི་འདས་པའི་མི་ལོ་༢༤ ནང་གི་ཉི་ཧོང་གི་དངུལ་གྱི་འཛའ་དམའ་ཤོས་སུ་བསླེབས་ཡོད་རབས་ཀྱི་གནས་ཚུལ་ཐོན་འདུག།
གསར་འགོད་པ་བློ་བཟང་རྒྱ་མཚོ།