འདས་པའི་ལོ་གཅིག་གི་རིང་རྒྱ་ནག་ཏུ་ཟ་ཁང་དང་འཚིག་ཇ་ཁང་ས་ཡ་མང་པོ་སྒོ་རྒྱག་དགོས་བྱུང་ཡོད་འདུག
རྒྱ་ནག་ནང་དཔལ་འབྱོར་ཉམས་ཆག་དབང་གིས་འདས་པའི་ལོ་ངོ་གཅིག་གི་རིང་། ཟ་ཁང་དང་འཚིག་ཇ་ཁང་ས་ཡ་མང་པོ་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༣ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་(rfa) གིས་དབྱིན་ཡིག་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ནད་ཡམས་ཀྱི་དམ་དྲག་རྗེས། རྒྱ་ནག་ནང་དཔལ་འབྱོར་བསྐྱར་གསོ་ཐུབ་མེད་པ་དང་། ཁང་རིན་འཕར་བ་དང་མི་མང་གི་ལག་ཏུ་དངུལ་མེད་པ། མི་དཀྱུས་མ་མང་པོ་ལས་མེད་དུ་གྱུར་པ་སོགས་ཀྱིས་རྒྱ་ནག་ནང་གི་ཟ་ཁང་དང་ཇ་ཁང་མང་པོའི་ཚོང་བརྡིབས་ནས་འདས་པའི་ལོ་ངོ་གཅིག་ཙམ་གྱི་རིང་། ཟ་ཁང་དང་འཚིག་ཇ་ཁང་ས་ཡ་༣ མ་ཟིན་ཙམ་སྒོ་བརྒྱབ་དགོས་ཐུག་ཡོད་པ་བཟོ་ས་དྲྭ་རྒྱ་ཧོང་ཚན་(Hongcan) ཞེས་པས་བརྗོད་འདུག

ན་ནིང་ཕྱི་ཟླ་༡༢ པའི་འགོར་ཐའེ་ཝན་གྱི་བྱ་ཤ་ཚོང་ཁང་གྲགས་ཅན་ཀྲེང་ཧའོ་ཏ་ཏ་(Zhenghao Da Da) ཞེས་པས་ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པའི་ཚོང་ཁང་ནས་འགོ་བཙུགས་ཏེ་རྒྱ་ནག་ལ་ཡོད་པའི་ཚོང་ཁང་ཡོངས་རྫོགས་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ། གསལ་བསྒྲགས་དེ་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་(Weibo) ཐོག་ཤུགས་ཆེན་ཁྱབ་ཡོད་ན་ཡང་། གསལ་བསྒྲགས་དེ་དང་པོ་མ་ཡིན་པར། ན་ནིང་ལོ་གཅིག་གི་ཐོག་མའི་ཟླ་བ་དྲུག་གི་རིང་། ཟ་ཁང་དང་ཇ་ཁང་སོགས་གཉེར་མཁན་༧༤ ཡིས་རྒྱ་ནག་ནང་ཟ་ཁང་སོགས་གྲངས་༤༠༠ སྒོ་རྒྱག་རྒྱུའི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་(Linkshop) ཅེས་ཚོང་ལས་དང་འབྲེལ་བའི་བརྒྱུད་ལམ་དེས་སྤེལ་འདུག
དེ་བཞིན་རྒྱ་ནག་གི་པེ་ཅིང་ལ་ཡོད་པའི་ཨི་ཊ་ལིའི་ཟ་ཁང་ཨོ་པེ་ར་བྷོམ་པ་ན་(Opera Bombana) ཟེར་བ་དེས། ཕྱི་ལོ་༢༠༢༤ ཟླ་བ་༤ པའི་ནང་ལས་བྱེད་ཚོའི་གླ་ཕོགས་དང་དངོས་ཟོག་མཁོ་སྤྲོད་བྱེད་མཁན་ཚོར་བུ་ལོན་སྤྲོད་རྒྱུ་ལྷག་བཞིན་པའི་ངང་ནས་སྒོ་རྒྱག་དགོས་བྱུང་ཡོད་པ་སོགས། ནུབ་ཕྱོགས་ཀྱི་གྲགས་ཆེན་ཟ་ཁང་ཚོ་ཡང་མ་རྩ་བརྡིབས་པ་དང་། ལས་མི་ལ་གླ་ཕོགས་སྤྲོད་མི་ཐུབ་པ། ཟ་ཁང་གི་སྦྱིན་བདག་བྲོས་བྱོལ་དུ་ཕྱིན་པ་སོགས་ངོ་ཚ་དགོས་པའི་གནས་ཚུལ་ཡང་མང་པོ་བྱུང་ཡོད་པར་བརྗོད་འདུག
གཞན་ཡང་ཚའོ་ནའེ་གྲོང་ཚོ་(Cuonei Village) ཞེས་རྒྱ་ནག་གི་གྲོང་ཁྱེར་བརྒྱད་ཅུ་ལྷག་གི་ནང་དུ་ཇ་ཁང་ལྔ་བརྒྱ་ཙམ་ཡོད་པ་ནས་ཕྱི་ཟླ་བཅུ་གཉིས་པའི་ཟླ་འགོར་ཚོང་ཁང་ལྔ་བཅུ་ལས་མེད་པ་བཟོས་ཡོད་པ་དང་། ཧྥུ་ཞའོ་ཏའོ་(fu Xiaotao) དང་ཡུའན་ཀྲིན་ཀྲིན་(Yuan Zenzhen) ཞེས་རྒྱ་ནག་ཏུ་འོ་མའི་ཇ་ཁང་སུམ་བརྒྱ་ལྷག་ཡོད་པ་ནས་ཁ་ཤས་ལས་མེད་པ་ཆགས་ཡོད་པ་བཅས་ཟ་ཁང་དང་འཚིག་ཇ་ཁང་། ཀེཀ་དང་མངར་ཟས་ཁང་སོགས་ཁྱོན་བསྡོམས་ས་ཡ་༣ མ་ཟིན་ཙམ་སྒོ་བརྒྱབ་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས་གལ་སྲིད་སྦ་ཁུག་ནང་དངུལ་མེད་ན་ཟ་ཁང་དུ་ཟ་མ་ཟ་རུ་འགྲོ་མཁན་སུ་ཡོད་རེད་ཅེས་བརྗོད་ནས། ཟ་ཁང་སྒོ་བརྒྱབ་པ་དེས་མི་དཀྱུས་མ་ཚོའི་དངུལ་ཁུག་ནང་དངུལ་མེད་པ་གསལ་པོ་མཚོན་ཡོད་པར་བརྗོད་འདུག ཡང་འགའ་རེས། རྒྱ་ནག་ནང་ནད་ཡམས་དམ་དྲག་མཇུག་བསྒྲིལ་བའི་རྗེས། དཔལ་འབྱོར་བསྐྱར་གསོ་ཐུབ་མེད་པ་དང་། འབྲིང་རིམ་མི་མང་གི་སྦ་ཁུག་ནང་དངུལ་རྫོགས་པ། མི་མང་དཀྱུས་མ་མང་པོ་ལས་མེད་དུ་གྱུར་པ། གཞུང་ཞབས་པ་ཚོར་གླ་ཕོགས་མ་སྤྲད་པ། ཁང་རིན་དང་དངོས་ཟོག་གི་རིན་གོང་འཕར་པ་སོགས་ཀྱི་དཀའ་ངལ་ཕྱོགས་ཡོངས་ནས་འཕྲད་ཡོད་པར་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།