འདས་པོ་ལིའུ་ཞའོ་པོའི་བཟའ་ཟླ་རྒྱ་ནག་ནས་ཡུ་རོབ་ཏུ་ཐོན་ཡོད་འདུག
ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་འདས་པོ་ལིའུ་ཞའོ་པོའི་བཟའ་ཟླ་ལིའུ་ཞིཡ། ལོ་གཅིག་ཙམ་རིང་རང་གི་ཁང་པའི་ནང་དུ་བཀག་ཉར་འོག་ལྷག་རྗེས། ཡུ་རོབ་འཇར་མན་དུ་གནམ་གྲུའི་ནང་ནས་ཡོང་ཡོད་འདུག
ཟླ་༧ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་ངོ་༥༧ ལ་སོན་པའི་སྙན་ངག་པ་ལིའུ་ཞིཡ་རྒྱ་ནག་གི་རྒྱལ་ས་པི་ཅིང་ནས། ཉིན་དེའི་ཞོགས་པའི་ཆུ་ཚོད་༡༡ ལ་གནམ་གྲུའི་ནང་ནས་འཇར་མན་དུ་ཡོང་ཡོད་འདུག
ཁོང་གི་ཁྱོ་ག་ལིའུ་ཞའོ་པོ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་རྗེས། རྒྱ་ནག་གཞུང་གིས་མོ་རང་གི་ཁང་པའི་ནང་བཀག་ཉར་འོག་བཞག་ཡོད་པ་དང་། ཁོང་གི་ཁྱོ་ག་རྒྱ་ནག་གི་བཙོན་འོག་ཏུ་གྲོངས་རྗེས། མི་མང་པོ་ཞིག་གིས་མོའི་བདེ་སྡུག་ལ་སེམས་འཚབ་མང་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མོ་ཁང་པའི་ནང་མུ་མཐུད་བཀག་ཉར་འོག་ལོ་གཅིག་ལྷག་ཙམ་བཞག ཐེངས་འདིར་མོ་རྒྱ་ནག་ནས་ཕྱིར་ཐོན་དུ་བཅུག་པ་དེ་ཡང་། རྒྱ་ནག་གི་སྲིད་བློན་ལཱི་ཁེ་ཆང་འཇར་མན་དུ་སླེབས་ནས། སྲིད་བློན་མེར་ཀེལ་དང་ཐུག་འཕྲད་བྱས་པའི་དུས་སྐབས་དང་འཁེལ་ཡོད་པ་དང་། མིང་འདོན་བྱེད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། སྐབས་དེར་ཕྱོགས་གཉིས་བར་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱུང་སྐོར་དང་། ལཱི་ཁེ་ཆང་གིས་ལིའུ་ཞིཡ་སྨན་བཅོས་ཆེད་རྒྱ་ནག་ནས་ཐོན་བཅུག་རྒྱུའི་ཁས་ལེན་བྱས་པའི་གནས་ཚུལ་བརྗོད་འདུག་ཀྱང་། ད་ལྟའི་ཆར་གནད་དོན་དེའི་རྒྱུ་རྐྱེན་གསལ་པོ་ར་སྤྲོད་བྱེད་མཁན་བྱུང་མི་འདུག
ལིའུ་ཞིཡ་ཡི་གཅེན་པོ་རྒྱ་ནག་ཏུ་ལྷག་ཡོད་འདུག་པ་དང་། ཁོང་གི་མོ་ལ་འཚོ་བ་གསར་པ་སྐྱེལ་བའི་གོ་སྐབས་བྱུང་བར་དགའ་པོ་བྱུང་བ་དང་། མོ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་འདུག
ལིའུ་ཞའོ་པོ་རྒྱ་ནག་གི་བཙོན་འོག་ནས་སྨན་བཅོས་བྱེད་ཆེད་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཀྱང་། ལོ་སྔོན་མའི་ཟླ་༧ པའི་ཚེས་༡༣ ཉིན་གྲོངས་ཡོད་པ་དང་། ཁོང་ནི་ད་བར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཞིག་བཙོན་འོག་ཏུ་གྲོངས་མཁན་གཉིས་པ་དེ་ཆགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།