འདི་ཡང་བོད་རྩ་མེད་གཏོང་བའི་སྲིད་བྱུས་རེད།

ཉེ་ཆར་བོད་ནང་དུ་རྒྱ་དམར་གཞུང་གིས་བོད་རྩ་མེད་གཏོང་ཆེད་དམིགས་བསལ་ལག་བསྟར་བྱས་པའི་ཛ་དྲག་གི་གནས་ཚུལ་གཉིས་བྱུང་ཡོད་པ་དང། དང་པོ་མ་འོངས་པར་མཐོ་སློབ་ཁག་གི་ཚུད་རྒྱུགས་ནང་བོད་ཡིག་མེད་པ་བཟོས་ཡོད་པས། བོད་ནང་གི་དྲ་ལམ་ཁག་ཏུ་ལྷག་བསམ་ཅན་གྱི་ན་གཞོན་མང་པོ་ཞིག་གིས་སོ་སོའི་གདོང་པ་བསྟན་ནས་དེ་ལ་མི་འདོད་པའི་རྣམ་འགྱུར་བསྟན་འདུག མཐོ་སློབ་ཀྱི་ཚུད་རྒྱུགས་ནང་བོད་ཡིག་མེད་པ་བཟོ་དགོས་དོན་ནི་མ་འོངས་པར་བོད་ཡིག་ལ་དམིགས་བསལ་རིན་ཐང་ཆུང་དུ་གཏོང་ཐབས་ཤིག་ཡིན་པ་དང། རིམ་པས་བོད་ཡིག་དེ་བོད་པའི་སྤྱི་ཚོགས་སུའང་བེད་སྤྱོད་གང་ཡང་མེད་པ་ཞིག་ཏུ་སྒྱུར་ཆེད་ཁོ་ནར་དམིགས་ཡོད། བོད་ལ་མཚོན་ན་ཆོས་དང་རིག་གནས། ཡ་རབས་གོམས་གཤིས་སོགས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གནས་ཚང་མ་བོད་ཡིག་ནང་ཡོད་པས་བོད་ཡིག་བེད་སྤྱོད་མེད་པར་གྱུར་ཟིན་པའི་རྗེས་སུ། བོད་མི་རིགས་ལ་དམིགས་བསལ་གང་ཡང་མེད་པར་རྒྱ་མི་རིགས་ཀྱི་ངོ་བོར་འགྱུར་རྒྱུ་ཁོ་ན་ལས་ལྷག་མེད།

གཉིས་པ་མདོ་སྨད་བྲག་དཀར་སྤྲེལ་རྫོང་ནས་ཡིན་པ་དྲ་ཐོག་ཚོང་དཔོན་ཆེན་མོ་ཨ་དགའ་དགེ་ལེགས་སོགས་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་ན་གཞོན་ཚོང་ལས་པ་ཁག་ཅིག་འཛིན་བཟུང་བྱས་འདུག གནད་དོན་དེའི་ཐོག་ནས་བོད་ཕྱི་ནང་གཉིས་སུ་འགྲེལ་བརྗོད་དང་ལྟ་ཚུལ་ཡིན་ལ་མིན་ལ་སྣ་ཚོགས་ཤིག་ཡོང་གི་འདུག་ཀྱང། དོན་དངོས་སུ་འདས་པའི་ལོ་བཅུ་ཙམ་གྱི་སྔོན་ལ་བོད་པའི་སྤྱི་ཚོགས་སུ་དཔལ་འབྱོར་གྱི་ཐོག་ནས་ནུས་པ་ཆེ་ཤོས་རྒྱ་ནག་ཏུ་ཕེབས་མཁན་གྱི་བླ་མ་རྣམས་ཡིན་ནའང། བོད་མི་ཁ་ཤས་ཀྱིས་“རྒྱ་བླ་”ཟེར་བ་སོགས་ཁ་རྡུང་མང་པོ་གཏོང་ཡང། དོན་དུ་བོད་པའི་སྤྱི་ཚོགས་སུ་དཔལ་འབྱོར་དང་རིག་གནས་སོགས་ཕན་ཐོགས་ཆེན་པོ་བྱུང་ཡོད་པས། རྒྱ་གཞུང་གིས་བོད་ཀྱི་བླ་མ་རྣམས་རྒྱ་ནག་ཏུ་ཕེབས་ནས་ལས་དོན་བསྒྲུབ་པར་འགལ་རྐྱེན་བཟོས་པས་ད་ལྟའི་ཆར་སྔོན་མ་དང་བསྡུར་ན་ནུས་ཤུགས་ཧ་ཅང་ཞན་དུ་སོང་འདུག དེའི་རྗེས་སུ་ཨ་དགའ་དགེ་ལེགས་སོགས་དྲ་ཐོག་གི་ཚོང་ལས་གཉེར་མཁན་དག་བོད་པའི་དཔལ་འབྱོར་གྱི་སྣེ་ཁྲིད་པ་ལྟ་བུར་གྱུར་ཡོད།

ཁོང་དང་ཁོང་ལྟ་བུ་དག་འཛིན་བཟུང་བཙོན་འཇུག་བྱས་པ་འདིས། བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་གྱི་ཐོག་ནས་ཤུགས་རྐྱེན་ཆེ་བའི་ན་གཞོན་མང་པོ་ཞིག་ཐོན་མི་ཐུབ་པའི་ཆེད་དུ་ཡིན་པས། དེ་རིང་དཀའ་ངལ་འཕྲད་ས་ཨ་དགའ་དགེ་ལེགས་སོགས་ཡིན་ནའང་། སང་ཉིན་ན་གཞོན་དེ་ལས་མང་བ་ཞིག་འཛིན་བཟུང་བཙོན་འཇུག་བྱེད་ངེས་ཡིན་པས། བོད་པའི་ནང་དུ་དཔལ་འབྱོར་གྱི་ཐོག་ནས་ནུས་པ་ཆེ་བའི་མི་སྣ་སུ་ཞིག་བྱུང་ཡང་། འབུར་འཇོམས་དང་གཉའ་གཅོག་ཐབས་ཁོ་ན་བྱེད་ངེས་རེད། ཉེ་བའི་ལོ་རྒྱུས་ནང་དཔེ་མཚོན་ཁ་ཤས་ཤིག་བརྗོད་ན། རྒྱ་སྒོར་དུང་ཕྱུར་གྱི་བདག་པོ་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་འཛིན་བཟུང་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང། གཟི་ཡི་རྒྱལ་པོ་ཚོང་དཔོན་ཀརྨ་བསམ་གྲུབ་ལོ་བཅོ་ལྔར་བཙོན་འཇུག་བྱས་ནས་ཤི་མིན་གསོན་མིན་དུ་བསྒྱུར་ཡོད་པ་ལྟ་བུ་རེད། འདི་ནི་བོད་མི་རིགས་ལ་དམིགས་པའི་སྲིད་བྱུས་གཏིང་ནག་པོ་ཞིག་ཡིན་པ་ལས། བོད་མི་འདི་དག་གིས་དམིགས་བསལ་ཁྲིམས་འགལ་གྱི་ནག་ཉེས་བསགས་བཞག་པ་ཞིག་མ་རེད།

འདས་པའི་མི་ལོ་ཉི་ཤུ་ཙམ་གྱི་རིང་དགོན་སྡེ་ཁག་དང་བླ་སྤྲུལ་སོགས་མི་སྒེར་གྱི་སློབ་གྲྭ་གསར་འཛུགས་བྱས་པ་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་ཁྲིམས་ཐོག་ནས་ཆོག་མཆན་སྤྲད་ཡོད་པ་དང། ཕྱིས་སུ་དེ་དག་ལ་བརྟེན་ནས་བོད་པའི་ཆོས་དང་རིག་གནས་རྒྱུན་འཛིན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། བོད་པའི་བསམ་བློའི་འདུ་ཤེས་དང་རིག་གནས་ཀྱི་གོམས་གཤིས་སོགས་དམིགས་བསལ་ཡོད་པས། རྒྱ་གཞུང་གིས་སྔ་རྗེས་སུ་སྒེར་བཙུགས་སློབ་གྲྭ་འདི་དག་གིས་ཁྲིམས་འགལ་གང་ཡང་བྱས་མེད་པ་མ་ཟད། མི་མང་ཉམ་ཆུང་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོད་ཀྱང་རེ་རེ་བཞིན་བཙན་གྱིས་སྒོ་རྒྱག་ཏུ་བཅུག་སོང། འདི་ཡང་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ཤིག་ཡིན་པ་ཚང་མས་ཤེས་རྟོགས་ཐུབ་པ་བཞིན། ད་ལན་མཐོ་སློབ་ཀྱི་རྒྱུགས་སྤྲོད་ནང་བོད་ཡིག་མེད་པ་བཟོས་པ་དང། གྲུབ་འབྲས་དང་ཤུགས་རྐྱེན་ཆེ་བའི་བོད་མི་ན་གཞོན་ཚོང་ལས་པ་རྣམས་འཛིན་བཟུང་བྱས་པ་དེ་ཡང་རྒྱ་གཞུང་གི་དམིགས་ཡུལ་དང་དམར་ཐིག་འདི་ལས་བརྒལ་སོང་བ་ཞིག་ཏུ་གྱུར་ཡོད། 

མདོར་ན་རྒྱ་དམར་དྲག་པོའི་གཞུང་གིས་བོད་རྩ་མེད་གཏོང་རྒྱུ་ཁོ་ནའི་སྲིད་བྱུས་བཟུང་ཡོད་ལ། ༧གོང་ས་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ཡོད་ནའང། རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚེ་ལ་ཚོད་རྩིས་ཀྱིས་དོན་དམ་པའི་ཡ་ལན་མ་བྱས་པ་མ་ཟད། མཚན་སྨོད་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་ཡོད། ད་ལྟའི་ཆར་བོད་མི་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གྲུབ་འབྲས་ཡོང་རེ་མ་མཐོང་བ་དེ། ༧གོང་ས་མཆོག་གི་ལྷག་བསམ་རྣམ་དག་གི་དགོངས་གཞི་ལ་ཐེ་ཚོམ་སྐྱེས་པ་ཞིག་མིན་ཡང། དྲང་བདེན་སྤུ་རྩེ་ཙམ་མེད་པའི་རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དང་དམིགས་ཡུལ་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རེ་བ་གང་ཡང་མ་མཐོང་བ་ཉག་གཅིག་ཏུ་གྱུར་ཡོད། རྒྱ་ནག་ལྟ་བུ་མ་ཡིན་པར་དྲང་བདེན་གཞིར་བཟུང་ལྷག་བསམ་རྣམ་དག་བྱེད་མཁན་གྱི་སྲིད་གཞུང་ཞིག་ཡིན་ན་༧གོང་ས་མཆོག་གི་དགོངས་བཞི་བཞིན་བོད་རྒྱའི་གནད་དོན་སྔོན་མ་ནས་ཐག་གཅོད་བྱས་ཟིན་ངེས་རེད།།