འདི་ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་དེ་ལྷོ་ཀོ་རི་ཡའི་བུད་མེད་གཅིག་ལ་ཐོབ་འདུག

ལོ་ལྟར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དང་ནོ་བྷེལ་རྩོམ་རིག་གཟེངས་རྟགས།  ནོ་བྷེལ་དངོས་ཁམས་ཚན་རིག་གཟེངས་རྟགས། ། ནོ་བྷེལ་སྨན་གྱི་གཟེངས་རྟགས་སོགས་གནང་གི་ཡོད་པ་བཞིན། འདི་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ལྷོ་ཀོ་རི་ཡའི་བུད་མེད་གཅིག་ལ་ཐོབ་ཡོད་འདུག 

ཕྱི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། 

ཕྱི་ལོ་༢༠༢༤ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ལྷོ་ཀོ་རི་ཡའི་བུད་མེད་རྩོམ་པ་པོ་དང་སྙན་ངག་པ་(Han Kang)ཧན་ཀང་ལ་གནང་ཡོད་འདུག  གཟེངས་རྟགས་དེ་ནི་ཧ་ཅང་གིས་ཚོར་བ་ཟབ་ཅིང་། ལོ་རྒྱུས་ཀྱི་རྨ་ཁ་མཚོན་པའི་ཁོང་མོའི་སྙན་ངག་གི་བརྒྱུད་ནས་མིའི་ཚེ་སྲོག་དེ་སྲབ་མོའི་རང་བཞིན་ཞིག་ཡིན་པ་མངོན་པར་བྱས་པ་ལ་ཆེ་བསྟོད་ཞུས་ཡོད་འདུག  ཁོང་མོས་འདས་པའི་དུས་ཡུན་ནང་དཀར་ཟས་བ་དང་འགྲོ་བ་མིའི་བྱ་སྤྱོད་ཟེར་བ་སོགས་ཀྱི་དེབ་བྲིས་ནས་བྱ་དགའ་མང་པོ་ཐོབ་མྱོང་ཡོད་འདུག་ལ། འདི་ལོར་ཁོང་མོ་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པ་ནི་ཨེ་ཤེ་ཡའི་བུད་མེད་གཅིག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པ་ཐེངས་དང་པོ་ཡིན་འདུག་ལ། ལྷོ་ཀོ་རི་ཡའི་བུད་མེད་གཅིག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པ་ཡང་དང་པོ་ཡིན་འདུག

(Han Kang)ཧན་ཀང་གི་བརྩམས་ཆོས་ནི་ཞིབ་འཇུག་གཉིས་ལྡན་མཚོན་ཡོད་པས། ལུས་དང་སེམས་ཀྱི་དཀའ་སྡུག་ལ་ཞིབ་འཇུག་བྱས་ཡོད་འདུག་པ་དང་། ཤར་ཕྱོགས་ཀྱི་ལྟ་གྲུབ་ནང་བཏོན་པའི་སེམས་ཁམས་དང་ལུས་པོ་གཉིས་སྡུག་བསྔལ་འཕྲད་དུས་ཀྱི་འབྲེལ་བ་གསལ་འདོན་བྱས་པ་སོགས་ལ་ཆེ་བསྟོད་བྱས་ཡོད་འདུག

ཁོང་མོའི་བརྩམས་སྒྲུང་(Human Acts)འགྲོ་བ་མིའི་བྱ་སྤྱོད་ཟེར་བ་དེའི་ནང་། ཕྱི་ལོ་༡༩༨༠ ནང་ལྷོ་ཀོ་རི་ཡའི་ནང་གཅིག་བསྡུའི་དབང་འཛིན་པ་(Chun Doo Hwan)ཟེར་བའི་དམག་དཔོན་ཞིག་བྱུང་ནས། ཁོས་ཕྱི་ལོ་༡༩༨༠- ༡༩༨༨ ལྷོ་ཀོ་རི་ཡའི་སྲིད་འཛིན་བྱས་ཡོད་འདུག སྐབས་དེར་ཁོས་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་རྣམས་འཛིན་བཟུང་བྱེད་དུས་ལྷོ་ཀོ་རི་ཡའི་མཐོ་སློབ་ཀྱི་སློབ་མ་དང་མི་མང་ཚོས་ངོ་རྒོལ་རྒྱ་ཆེན་བྱེད་སྐབས། སློབ་མ་དང་མི་མང་ཐོག་དམག་དཔུང་གིས་དྲག་རྡུང་དང་། སྡེབ་གསོད་ཚབས་ཆེན་བྱས་ཡོད་འདུག སྐབས་དེ་དུས་(Han Kang)ཧན་ཀང་ཆུང་ཆུང་ཡིན་འདུག་ཅིང་། ཁོང་མོས་ཆབ་སྲིད་དང་ཁོར་ཡུག་གང་འདྲ་ཡོད་མེད་སོགས་ཀྱི་སྐོར་ལ་བརྩམས་སྒྲུང་ཞིག་བྲིས་ནས་སྐད་གྲགས་ཆེན་པོ་ཆགས་ཡོད་འདུག་ལ། བྱ་དགའ་ཡང་ཐོབ་ཡོད་འདུག

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་སུའི་ཌེན་ནང་ཡོད་པའི་རྒྱལ་པོའི་ཚན་རིག་སློབ་གྲྭ་ཆེན་མོ་ཟེར་བ་ནས་ནོ་བྷེལ་ཚོགས་ཆུང་གིས་འདི་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཁོང་མོ་ཐོབ་ཡོད་པ་གསལ་བསྒྲགས་བྱས་ཡོད་འདུག་ལ། 

ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ཉིན་དྲུག་གི་རིང་མུ་མཐུད་དེ་འདི་ལོའི་ནོ་བྷེལ་གཟེངས་རྟགས་གཞན་རྣམས་རེ་རེ་བཞིན་སུ་ལ་ཐོབ་ཡོད་མེད་གསལ་བསྒྲགས་བྱེད་རྒྱུ་ཡིན་འདུག 

གཟའ་ཟླ་བའི་ཉིན་ཨ་རིའི་མི་རིགས(Victor Ambros)ཝིག་ཊོར་ཨམ་བྷོ་རོ་སི་དང་Gary Ruvkunགྷེ་རི་རུབ་ཀུན་གཉིས་ལ་སྨན་གྱི་ནོ་བྷེལ་གཟེངས་རྟགས་དེ་ཐོབ་ཡོད་འདུག

གཟའ་མིག་དམར་གྱི་མཚན་མོར་དངོས་ཁམས་རིག་པའི་ཐོག་གི་ནོ་བྷེལ་གཟེངས་རྟགས་དེ་(John J. Hopfield)ཇོན་ཇེ་ཧོབ་ཕིལ་ཌི་དང་(Geoffrey E. Hinton)ཇིའོཕ་རི་ཨི་ཧིན་ཊོན་གཉིས་ལ་ཐོབ་ཡོད་འདུག ཁོང་གཉིས་ཀྱིས་མི་བཟོས་དབང་རྩའི་དྲྭ་བ་བརྒྱུད་འཕྲུལ་འཁོར་གྱི་སློབ་སྦྱོང་བྱེད་ཐུབ་པའི་ཆ་རྐྱེན་ཞིག་བསྐྲུན་ནས་གསར་གཏོད་རང་བཞིན་གྱི་བྱས་རྗེས་བཞག་པ་ལ་བསྔགས་བརྗོད་ཞུས་ཡོད་འདུག  ཁོང་གཉིས་ཀྱི་ཞིབ་འཇུག་ལས་དོན་གྱིས་དེང་རབས་འཕྲུལ་འཁོར་གྱི་སློབ་སྦྱོང་བྱེད་ཐུབ་པའི་འཕེལ་རྒྱས་ལ་ཞབས་འདེགས་གལ་ཆེན་བསྒྲུབས་ཡོད་པར་བསྔགས་བརྗོད་བྱས་ཡོད་འདུག

གཟའ་ལྷག་པའི་ཉིན། ཕྱི་ལོ་༢༠༢༤ ལོའི་རྫས་སྦྱོར་རིག་པའི་ནོ་བྷེལ་གཟེངས་རྟགས་དེ་(David Baker)ཌེ་ཝིཌ་བྷེ་ཀར་ཟེར་བ་ཁོང་ལ་ཕྱེད་ཀ་ཐོབ་ཡོད་འདུག་པ་དང་། ཁོང་གིས་ཟས་བཅུད་ཁྲོད་མེད་དུ་མི་རུང་བའི་(protein)སྤྲི་དཀར་ཟེར་བ་དེ་གློག་ཀླད་བརྒྱུད་ནས་བཟོ་སྐྲུན་གནང་ཡོད་འདུག་པ་དང་། གཟེངས་རྟགས་ཀྱི་ཕྱེད་ཀ་གཞན་དེ་(Demis Hassabis)ཌེ་མི་སི་ཧ་ས་བྷི་སི་དང་(John M. Jumper)ཇོན་ཨེམ་ཇམ་པར་གཉིས་ལ་སྤྲད་ཡོད་འདུག ཁོང་གཉིས་ཀྱིས་སྤྲི་དཀར་གྱི་བཀོད་པ་དེ་བཟོ་སྐྲུན་བྱས་པ་ལ་ཐོབ་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།