འདི་ལོའི་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་འགྲན་བསྡུར་གྱི་རྒྱལ་ཁ་རྡོ་རྗེ་གླིང་གཡག་རུ་ཁག་ལ་ཐོབ་འདུག
པཱ་ལགས་རྐང་རྩེད་སྤོ་ལོའི་ཚོགས་པའི་གོ་སྒྲིག་འོག ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་འགྲན་བསྡུར་ཐེངས་གཉིས་པའི་རྒྱལ་ཁ་ཨང་དང་པོ་དེ་རྡོ་རྗེ་གླིང་གཡག་རུ་ཁག་ལ་ཐོབ་འདུག

ཕྱི་ཟླ་༦ པའི་ཚེས་༣༠ ཉིན། ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་འགྲན་བསྡུར་ཐེངས་གཉིས་པའི་མཐའ་མའི་འགྲན་བསྡུར་དེ། བལ་ཡུལ་སྤྲོ་སྐྱིད་རུ་ཁག་དང་རྡོ་རྗེ་གླིང་གཡག་རུ་ཁག་གཉིས་བར་འགྲན་སྐབས། རྡོ་རྗེ་གླིང་གཡག་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་འགྲན་བསྡུར་གྱི་རྒྱལ་ཁ་ཨང་དང་པོ་བླངས་ཡོད་འདུག
རྐང་སྤོལ་འགྲན་བསྡུར་དེའི་ཁྲོད། དགུང་ལོ་༦༦ བརྒལ་བའི་བལ་ཡུལ་སྤྲོ་སྐྱིད་རུ་ཁག་གི་རྩེད་འགྲན་པ་པ་སངས་ཚེ་རིང་ལ་རྩེད་འགྲན་པ་རྒན་ཤོས་ཀྱི་བྱ་དགའ་དང་། བལ་ཡུལ་སྤྲོ་སྐྱིད་རུ་ཁག་གི་རུ་དཔོན་བཀྲ་ཤིས་དོན་གྲུབ་ལ་རྩེད་འགྲན་པ་ཕུལ་བྱུང་གི་བྱ་དགའ། རྡོ་རྗེ་གླིང་གཡག་རུ་ཁག་གི་སྒོ་ར་བ་དོན་གྲུབ་ལ་སྒོ་ར་བ་ཡག་ཤོས། དེ་བཞིན་སྤོན་ཊ་ཆོལ་གསུམ་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་རུ་ཁག་བཅས་ཀྱི་བྱ་དགའ་ཐོབ་ཡོད་འདུག
ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་འགྲན་བསྡུར་ཐེངས་གཉིས་པ་ནི་ཕྱི་ཟླ་༦ ཚེས་༡༥ སྟེ། རྒྱལ་སྤྱིའི་ཨ་ཕའི་ཉིན་མོ་དང་བསྟུན། རྩེད་འགྲན་པ་འགོ་བཙུགས་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ཁྲོད། དྷ་ས་དང་དོན་གྲུབ་གླིང་། བདེ་སྐྱིད་གླིང་། མོན་གྷོ་འདོད་རྒུ་གླིང་། ལྡི་ལི་བསམ་ཡས་གླིང་། རྡོ་རྗེ་གླིང་། འདོད་རྒུ་གཡུ་རྒྱལ་གླིང་། མེའོ་ཆོས་འཕེལ་གླིང་། སྤོན་ཊ་ཆོལ་གསུམ། ཀོ་ལི་གྷལ་དོན་ལྡན་གླིང་། ཤི་ལོང་། སྦེལ་ཀོབ་བདེ་སླར། ཧོན་སུར། ར་ཝང་ལ། ཀ་ལིམ་པོང། སྒང་ཏོག་གི་རྐང་སྤོལ་རུ་ཁག་གཉིས། བལ་ཡུལ་སྤྲོ་སྐྱིད་རུ་ཁག། ཧྥ་རན་སི་རུ་ཁག བྱང་ཨ་རིའི་རུ་ཁག་བཅས་རུ་ཁག་ཁྱོན་༢༠ ནས་རྩེད་འགྲན་པ་༤༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག
སྤྱིར་ལོ་ན་བཞི་བཅུ་ཡན་གྱི་ཨ་ཕ་རྣམས་ཀྱི་འཕྲོད་བསྟེན་ལ་དམིགས་ནས་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་འགྲན་བསྡུར་ཐོག་མ་དེ་ལོ་སྔོན་མར་ལྡེ་ར་རྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཚོགས་ཡོད་པ་དང་། སྐབས་དེར་ཨོ་རི་སའི་པོ་ཏ་ལ་རྐང་སྤོལ་རུ་ཁག་ལ་ཨང་དང་པོའི་རྒྱལ་ཁ་ཐོབ་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།