འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་ནང་སྐྱབས་བཅོལ་བ་ཁག་ཅིག་ཞུགས་འདུག

ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་བྷེ་ར་ཛིལ་གྱི་ས་གནས་རིའུ་ལ་ཨོ་ལིམ་པིག་རྩེད་འགྲན་ཐེངས་༣༡ པ་དེ་ཟླ་བ་འདིའི་ཕྱི་ཚེས་༥ ཉིན་ཏེ། རེས་གཟའ་པ་སངས་ཉིན་གཞུང་འབྲེལ་ཐོག་དངོས་སུ་མཛད་སྒོ་དབུ་འབྱེད་བྱས་ནས་ཕྱི་ཟླ་༨པའི་ཕྱི་ཚེས་༢༡ ལ་འཇུག་སྒྲིལ་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་ཨོ་རྩལ་འགྲན་ཚོགས་ནང་འཛམ་གླིང་གི་རྒྱལ་ཁབ་ཁག་༢༠༦ དང་སྐྱབས་བཅོལ་བའི་རྒྱལ་ཁབ་བཞིའི་རྩེད་འགྲན་པ་༡༠ ལས་གྲུབ་པའི་རུ་ཁག་གཅིག་བཅས་ཁྱོན་རྩེད་འགྲན་པ་ ༡༡,༠༠༠ འཛུལ་ཞུགས་བྱས་ཡོད་པ་དང་། ད་ཐེངས་ཀྱི་ཨོ་རྩལ་འགྲན་ཚོགས་ནང་སྐྱབས་བཅོལ་བའི་རྩེད་འགྲན་པ་༡༠ ཡོད་པ་ལས་ ༥ ལྷོ་སུའི་ཌེན་ནས་ཡིན་པ་དང་། ༢ སི་རི་ཡ། ༢ ཁོན་གོ་ཌིར། ༡ ཨེན་ཐོ་པི་ཡ་ནས་ཡིན་འདུག ད་ཐེངས་ཀྱི་རྩེད་འགྲན་ནང་ཨ་རིའི་རྩེད་འགྲན་པ་ ༥༥༤ འཛུལ་ཞུགས་བྱས་ནས་རྩེད་འགྲན་རྒྱལ་ཁབ་ཚང་མའི་ནང་ནས་རྩེད་མོ་བ་མང་ཤོས་དེ་གྱུར་ཡོད་པ་དང་། ཡང་ལོ་ན་ཆུང་ཤོས་ཀྱི་རྩེད་འགྲན་པ་ནི་བལ་ཡུལ་རྒྱལ་ཁབ་ཀྱི་ཆུ་རྐྱལ་མཁན་གྷོ་རིའི་ཀ་སིན་ཞེས་པ་ལོ་ ༡༣ ལས་མ་སོན་པ་ཞིག་ཡིན་འདུག  ཀོ་སོ་འོ་རྒྱལ་ཁབ་དང་། ལྷོ་སིའུ་ཌེན་རྒྱལ་ཁབ་གཉིས་ཨོ་རྩལ་འགྲན་ཚོགས་ནང་འཛུལ་ཞུགས་བྱས་པ་ཐེངས་དང་པོ་རེད་འདུག

ཡང་ཕྱོགས་གཅིག་ནས་ད་ཐེངས་ཀྱི་རྩེད་འགྲན་ལ་མི་མང་པོས་ཁ་གཏོང་གི་ཡོད་ལ། དེའི་རྒྱུ་མཚན་ནི། རྩེད་ཡུལ་རྒྱལ་ཁབ་ཀྱིས་བདེ་འཇགས་སྲུང་སྐྱོབ་ཏག་ཏག་བྱས་མ་ཐུབ་པ་ལ་བརྟེན་ནས་རྒྱ་ནག་གི་བུའི་ལག་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་རྣམས་ལ་གནམ་ཐང་ནས་རྩེད་རྭར་འགྲོ་བའི་ལམ་བར་མེ་མདའ་བརྒྱབས་པ་དང་། དེ་བཞིན་ཨུ་རུ་སུའི་རྩེད་འགྲན་པ་རྣམས་ཀྱིས་བཟི་སྨན་ཟོས་རྐྱེན་ཨུ་རུ་སུའི་རྩེད་འགྲན་པ་༡༡༠ ལྷག་ཙམ་ཞིག་འཛུལ་ཞུགས་བྱས་བཅུག་མེད་པའི་སྐོར་སོགས་ཡིན།

སྤྱིར་ལོ་རྒྱུས་ཐོག་ནས་ཨོ་ལིམ་པིག་རྩེད་འགྲན་ནི་གནའ་དུས་སུ་གྷི་རི་སི་རྒྱལ་ཁབ་ཏུ་ཕྱི་ལོའི་གོང་གི་ལོ་རབས་༧༧༦ ནས་འགོ་བཙུགས་ཡོད་པ་དང་། དུས་དེ་ནས་ཕྱི་ལོ་༣༩༣ ལོར་བར་གྱི་ཨོ་ལིམ་པིག་རྩེད་འགྲན་ལ་གནའ་རབས་ཀྱི་ཨོ་རྩེད་ཅེས་གྲགས་ཀྱི་ཡོད་ལ། ཕྱི་ལོ་༡༨༩༦ ནས་འགོ་བཙུགས་ཏེ་ད་བར་གྱི་ཨོ་རྩེད་ལ་དེང་རབས་ཀྱི་ཨོ་རྩེད་ཅེས་ཡོངས་གྲགས་སུ་འབོད་ཀྱི་ཡོད།

ཨོ་རྩལ་འགྲན་ཚོགས་ཐེངས་དང་པོ་དེ་གནའ་བོའི་གྷི་རིའི་སིའི་ལུང་པ་རུ་འཚོགས་ཡོད། དེ་དུས་ནམ་ཞིག་ལ་འཚོགས་ཡོད་མེད་ཀྱི་ཐོག་ལ་བསམ་ཚུལ་མི་འདྲ་བ་ཁག་ཅིག་ཡོད་ཀྱང་། ཡོངས་གྲགས་སུ་ཕྱི་ལོ་སྔོན་གྱི་ལོ་༧༧༦ ལོར་འཚོགས་པར་འདོད། ཨོ་རྩལ་འགྲན་ཚོགས་འཚོགས་པའི་ཐོག་མའི་དམིགས་ཡུལ་ནི་ལོ་ན་གཞོན་པས་ལུས་རྩལ་ངོམ་ཡ་དང་། གྷི་རིའི་སི་ལུང་ཁག་ཕན་ཚུན་ལ་འབྲེལ་ལམ་དང་མཐུན་སྒྲིལ་ཡོང་ཐབས། དེ་བཞིན་གྷི་རིའི་ཆོས་ལུགས་ཀྱི་ཛིའུ་སུ་གཙོས་པའི་ལྷ་རྣམས་ལ་མཆོད་འབུལ་བྱེད་ཕྱིར་ཡིན།  སྐབས་དེར་གྷི་རི་སིའི་སྐྱེས་པ་ལས་བུད་མེད་རྣམས་འཛུལ་ཞུགས་བྱེད་ཆོག་གི་མེད། དེ་ནས་རིམ་བཞིན་ཨོ་རྩེད་ནང་རྩེད་མོ་མི་འདྲ་བ་ཁག་མང་པོ་ཞིག་བསྣན་ནས་ཁྱབ་རྒྱ་ཆེ་རུ་སོང་ཡོད་ལ། ལོ་བཞིའི་མཚམས་ལ་རྩེད་འགྲན་ཐེངས་རེ་བྱས་པའི་ལུགས་སྲོལ་ཡང་བྱུང་ཡོད། དུས་དེ་ནས་བཟུང་དུས་རབས་བཅུ་གཉིས་ཀྱི་རིང་ལ་ཨོ་རྩལ་འགྲན་ཚོགས་བྱས་ཡོད་རུང་། རོ་མན་གྱིས་གྷི་རིའི་སའི་རྒྱལ་ཁབ་དབང་བསྒྱུར་བྱས་རྗེས། ཕྱི་ལོ་༣༩༣ ལོར་རོ་མན་གྱི་རྒྱལ་པོ་ཐེའུ་ཀྲོ་སུ་སི་ཞེས་པས་ཆོས་ལུགས་ཀྱི་རྩོད་རྙོག་ལ་བརྟེན་ནས་ཨོ་རྩལ་འགྲན་ཚོགས་མཚམས་འཇོག་བྱས་ཡོད།

དུས་ཕྱིས་ཏེ། ཕྱི་ལོ་༡༨༩༤ ལོར་ཧྥ་རན་སི་ནས་ཡིན་པའི་བྷོ་རོན་པི་རེར་ ཌེ་ ཁུའུ་བྷེར་ཊིན་ཞེས་པས་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་ཨོ་རྩལ་འགྲན་ཚོགས་བསྐྱར་གསོ་བྱེད་དགོས་པའི་བསམ་འཆར་བཤད་པ་བཞིན་ཕྱི་ལོ་༡༨༩༦ ལོར་གྷི་རིའི་སིའི་ལུང་པར་ཐེངས་དང་པོ་དང་། དེ་ནས་ལོ་བཞིའི་རྗེས་སུ་ཕེ་རི་སི་ལ་ཐེངས་གཉིས་པ་འཚོགས་ནས་བསྐྱར་གསོ་བྱུང་ཡོད། དུས་དེ་ནས་བཟུང་འཛམ་གླིང་དམག་འཁྲུག་གི་དུས་མ་གཏོགས་ལོ་བཞི་རེའི་མཚམས་སུ་རྟག་པར་ཨོ་རྩལ་འཚོགས་ཀྱི་ཡོད་ལ། རྩེད་འགྲན་ཐེངས་རེ་བཞིན་འཛུལ་ཞུགས་བྱེད་མཁན་གྱི་རྒྱལ་ཁབ་ཇེ་མང་གྱུར་ནས་ད་ཆ་རྒྱལ་ཁབ་༢༠༦ དང་སྐྱབས་བཅོལ་བའི་རུ་ཁག་གཅིག་བཅས་ནས་ཁྱོན་བསྡོམས་ཕོ་མོ་གཉིས་ཀའི་རྩེད་འགྲན་པ་༡,༡༠༠༠ ཐམ་པ་ཡོད་འདུག།།