འདི་ལོར་ཇོ་མོ་གླང་མར་འཛེགས་མཁན་འཚང་ཁ་ཐེབས་ནས་ཚེ་སྲོག་ཤོར་མཁན་མང་དུ་ཕྱིན་འདུག
འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རྩེ་མོར་འཛེགས་རྒྱུའི་མངོན་འདོད་ཡོད་མཁན་མང་པོ་ཡོད་པ་ལྟར། འདི་ལོར་བལ་ཡུལ་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་བར་ཆོག་མཆན་ཐོབ་མཁན་མང་པོ་བྱུང་ཡོད་པས། རི་བོའི་རྩེ་མོར་འཛེགས་བའི་ས་ཚིགས་སུ་རི་འཛེགས་པ་འཚང་ཁ་ཐེབས་ནས་ས་མཐོའི་ན་ཚ་ལ་བརྟེན་ནས་མི་གྲངས་༡༡ ཀྱི་ཚེ་སྲོག་ཤོར་ཡོད་འདུག
ཟླ་༥ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་ཟླ་༥ པ་དེ་རི་བོ་ཇོ་མོ་གླང་མར་འཛེགས་པའི་ནམ་དུས་ཡག་ཤོས་ཡིན་པར་བརྟེན། བལ་ཡུལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁང་གིས། རུ་ཁག་༤༤ ཡི་ནང་རི་འཛེགས་པ་༣༨༡ ལ་ཆོག་མཆན་སྤྲད་ཡོད་འདུག་པ་དང་། ཆོག་མཆན་སྤྲད་པའི་ཁ་གྲངས་དེ་ནི་ད་བར་མང་ཤོས་ཆགས་ཀྱི་ཡོད་འདུག དེ་བཞིན་རི་འཛེགས་པ་རྣམས་དང་མཉམ་དུ་ལམ་ཁྲིད་པ་ཤར་པ་མི་རིགས་མང་པོ་ཞིག་ཀྱང་ཡོད་པས། རི་འཛེགས་པ་ཤིན་ཏུ་མང་པོ་ཆགས་ཡོད་འདུག འོན་ཀྱང་ཇོ་མོ་གླང་མར་འཛེགས་པའི་གནམ་གཤིས་ཡག་ཤོས་ཀྱི་དུས་ཚོད་ནི་བདུན་ཕྲག་ཁ་ཤས་ལས་མེད་ཁར། སྐབས་དེར་གནམ་གཤིས་འགྱུར་ལྡོག་ཕྱིན་ཏེ་རི་འཛེགས་པ་རྣམས་གནམ་གཤིས་ཡག་ཏུ་འགྲོ་བར་ངང་སྒུག་བྱེད་དགོས་ཀྱི་ཡོད་འདུག ཟླ་༥ པའི་ཚེས་༢༢ ཉིན་རི་འཛེགས་པ་ཞིག་གིས་ཇོ་མོ་གླང་མའི་རྩེ་མོ་དང་ཉེ་བའི་ས་ཚིགས་ཤིག་ཏུ། རི་འཛེགས་པ་མང་པོ་ཞིག་རུ་སྒྲིག་ནས་འཛེགས་བཞིན་པའི་པར་ཞིག་བརྒྱབ་ཡོད་པ་དང་། དེ་ལས་རི་འཛེགས་པ་མང་དྲག་ནས་འཚང་ཁ་ཆགས་ཡོད་པ་གསལ་པོ་ཆགས་ཡོད་པ་རེད། མི་མང་དྲག་པའི་རྐྱེན་གྱིས་རི་འཛེགས་པ་རྣམས་རྩེ་མོར་འབྱོར་བའི་དུས་ཚོད་དང་མར་འབབ་པའི་དུས་ཚོད་མང་བ་འགོར་འདུག་པས། ས་མཐོའི་ན་ཚ་དང་མཁའ་དབུག་སྲབ་པ་སོགས་ལ་བརྟེན་ནས་རི་འཛེགས་པ་མང་པོ་ཞིག་ལམ་དུ་ཚེ་སྲོག་ཤོར་ཡོད་ཁར། ཁག་ཅིག་རྩེ་མོ་ནས་མར་སྒར་ཚུགས་ལ་སླེབས་རྗེས་ཚེ་སྲོག་ཤོར་ནས། ཁྱོན་བསྡོམས་འདི་ལོར་ཚེ་སྲོག་ཤོར་མཁན་མི་གྲངས་༡༡ བྱུང་པ་ དེ་ནི་ཕྱི་ལོ་༢༠༡༥ ལོ་ནས་ད་བར་ཚེ་སྲོག་ཤོར་མཁན་གྱི་གྲངས་མང་ཤོས་ཆགས་འདུག
རི་འཛེགས་པ་ཉམས་མྱོང་ཡོད་མཁན་དང་དེ་བཞིན་རི་འཛེགས་ལྷན་ཚོགས་ཀྱི་མཐོ་རིམ་མི་སྣ་སོགས་ཁག་ཅིག་གིས་བརྒྱུད་ལམ་ཁག་ཏུ། འདི་ལོར་ཇོ་མོ་གླང་མར་རི་འཛེགས་པ་མང་དྲག་ཡོད་པ་དང་། དེའི་ཐོག་རི་འཛེགས་པ་མང་པོ་ཞིག་ལ་རི་འཛེགས་པའི་ཉམས་མྱོང་མེད་པས། དེ་དག་ནི་སོ་སོ་རང་ཉིད་མ་ཟད་རི་འཛེགས་པ་གཞན་རྣམས་ལ་ཡང་ཉེན་ཁ་བཟོས་ཡོད་སྐོར། དེ་བཞིན་བལ་ཡུལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་པས། རི་འཛེགས་པའི་དུས་ཚོད་ངེས་གཏན་དང་དུས་གཅིག་ལ་མི་ག་ཚོད་འཛེགས་ཆོག་པ་སོགས་ཀྱི་ཁྲིམས་གཏན་འབེབས་མ་བྱས་པར། དེ་དག་གི་འགན་ཡོང་རྫོགས་རི་འཛེགས་ཚོང་ལས་ཁང་ལ་ཁག་ལ་སྤྲད་ཡོད་འདུག
བལ་ཡུལ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁང་གི་དྲུང་ཆེས། འདི་ལོར་ཇོ་མོ་གླང་མར་འཛེགས་མཁན་མང་དྲགས་ནས་འཚང་ཁ་ཐེབས་པར་བརྟེན། ཚེ་སྲོག་ཤོར་མཁན་མང་པོ་ཆགས་ཡོད་སྐོར་བརྗོད་མཁན་ཡོད་ཀྱང་། དེ་ནི་རྒྱུ་མཚན་དངོས་གནས་དེ་མིན་པར། རྒྱུ་མཚན་དངོས་གནས་ནི་གནམ་གཤིས་ཡག་པོ་མེད་ཁར། སྲོག་རླུང་ཡོ་བྱད་སོགས་ཉུང་དྲགས་པའི་རྐྱེན་ཡིན་སྐོར་བརྗོད་འདུག
ཇོ་མོ་གླང་མར་འཛེགས་བཞིན་པའི་སྐབས་སུ་རི་འཛེགས་པ་ཞིག་ས་མཐོ་སར་ཚེ་སྲོག་ཤོར་ཚེ། ཕུང་པོ་མར་འཁྱེར་ཐུབ་རྒྱུ་ཁག་པོ་ཡིན་འདུག་པས། སྐབས་རེ་རི་འཛེགས་པ་རྣམས་ཀྱིས་ཕུང་པོ་ཡང་ལམ་ཁར་མཐོང་རྒྱུ་ཡོད་འདུག དེ་བཞིན་འདས་པའི་ལོ་བཞི་ཡི་ནང་རི་འཛེགས་པའི་ཁོངས་ནས། རྩེ་མོ་བར་འཛེགས་ཐུབ་མཁན་གྱི་བརྒྱ་ཆ་༦༥ ཡི་སྒང་ཡིན་འདུག་པ་དང་། འདི་ལོར་ཀཱ་མི་རི་ཏཱ་ཤར་པ་ཡིས་བདུན་ཕྲག་གཅིག་ནང་ཇོ་མོ་གླང་མར་ཐེངས་གཉིས་འཛེགས་ནས། ད་བར་ཁྱོན་བསྡོམས་ཐེངས་༢༤ འཛེགས་ཐུབ་པ་བྱུང་ནས། ཇོ་མོ་གླང་མར་ཐེངས་མང་ཤོས་འཛེགས་མཁན་གྱི་ཟིན་ཐོ་གསར་པ་བཞག་ཡོད་པ་དང་། དེ་སྔོན་གྱི་ཟིན་ཐོ་འཛིན་མཁན་ཡང་ཁོང་རང་ཉིད་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།