འདི་ལོར་སྐུའི་འཁྲུངས་སྐར་རང་ཁྱིམ་ནས་སྲུང་བརྩི་ཞུ་བའི་སྐུལ་མ་གནང་འདུག
འདི་ལོར་རྒྱ་ནག་ནས་འཛམ་གླིང་ཁྱོན་དུ་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱིས་འགྲོ་བ་མིའི་རིགས་ལ་ཚེ་སྲོག་དང་དཔལ་འབྱོར་གྱི་གྱོང་གུན་གསབ་ཐབས་བྲལ་བ་བཟོས་དང་བཟོ་བཞིན་པ་མ་ཟད། གཞུང་དང་སྒེར་གྱི་འགྲོ་འདུག་དང་འདུ་འཛོམས་ལ་སྔར་གཏན་ནས་འབྱུང་མྱོང་མེད་པའི་དཀའ་ངལ་འཕྲད་ཀྱིན་ཡོད་པ་ལྟར། དགའ་ལྡན་ཕོ་བྲང་ནས་བོད་མི་ཚོ་ལ་བསླེབ་ལ་ཉེ་བའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དེ་རང་རང་སོ་སོའི་ཁྱིམ་ནས་སྲུང་བརྩི་ཞུ་དགོས་པའི་སྐུལ་མ་གནང་འདུག
ཟླ་བདུན་པའི་ཚེས་༦ ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པས། ནམ་རྒྱུན་འཛམ་གླིང་གི་ས་ཕྱོགས་གང་སར་ཐོར་བའི་བོད་མི་ཚོས་སོ་སོ་གང་དུ་ཡོད་པའི་ས་གནས་སུ་འདུ་འཛོམས་ཀྱིས་བཀྲ་ཤིས་པའི་ཉིན་མོ་དེ་སྲུང་བརྩི་ཟབ་རྒྱས་ཤིག་ཞུ་སྲོལ་ཡོད་རུང་། “འདི་ལོར་ཡུལ་ལུང་ཀུན་ཏུ་འགོས་ནད་ཀྱི་དཀའ་ངལ་ལ་བརྟེན། མི་ཚོགས་འདུ་འཛོམས་བྱ་ཐབས་མེད་པས་རང་རང་གི་བཞུགས་ཁང་དུ་སྐུའི་འཁྲུངས་སྐར་སྟབས་བསྟུན་སྲུང་བརྩི་ཞུ་”ཞེས་གསུངས་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ནས་ཕྱི་ཟླ་༦ ཚེས་༢༨ ཉིན་བཏང་གསལ་བསྒྲགས་དེའི་ནང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ཕན་བདེ་ནི་མགོན་པོ་གང་ཉིད་ཀྱི་མཛད་པ་ཁོ་ནར་བརྟེན་ཡོད་སྟབས། བོད་འབངས་ཡོངས་ཀྱིས་སྤྱི་མཐུན་བསོད་ནམས་གསོག་ཆེད་དང་། མགོན་པོ་མཆོག་ཉིད་༸སྐུ་ཚེ་མི་བཤིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར། སྐུའི་འཁྲུངས་སྐར་ཉིན་“བོད་རིགས་སྐྱ་སེར་ཕོ་མོ་རྒན་བྱིས་ཡོངས་ནས་མ་ཎི་ཡིག་དྲུག་སྟོང་ཚར་རེ་ལས་མ་ཉུང་བ་གསོག་གནང་ཡོང་བ་ཞུ་རྒྱུའི་”དགེ་སྐུལ་ཡང་གནང་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།