འདེམས་སྐོས་ལྷན་ཁང་དང་འོས་བསྡུ་འགན་འཛིན་འོས་འདེམས།
ཟླ་འདིའི་ཚེས་༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཉིན་གསུམ་པའི་ཐོག འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོགས་སུ་འདེམས་ཐོན་བྱུང་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། འདེམས་སྐོས་ལྷན་ཁང་དང་འོས་བསྡུའི་འགན་འཛིན་འོས་མི་ཚོགས་ཆུང་ནས་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་གཉིས་འོས་གཞིར་བསྐོ་བཞག་བྱུང་བ་ལྟར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཉིན་གསུམ་པའི་ཐོག་ངོ་ཡོད་སྤྱི་འཐུས་༣༩ ཡོད་པ་རྣམས་ཀྱིས་གྲོས་ཚོགས་ནང་གསང་བའི་་འོས་ཤོག་བླུགས་སྟེ། ཤོ་ཟུར་བསོད་ནམས་ཆོས་འཕེལ་ལ་འོས་གྲངས་༢༠ དང། སྟོབས་རྒྱལ་འོས་གྲངས་ ༡༦ ཐོབ་པར་བརྟེན། ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་འདེམས་ཐོན་བྱུང་ཡོད་པ་རེད།།