འཕགས་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་།
འཕགས་བོད་གཉིས་ཀྱི་མཁས་པ་བཞི་བཅུ་ཙམ་མཉམ་ཞུགས་ཐོག་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་གནས་མཆོག་རྡོ་རྗེ་གདན་ལ་དབུ་འཛུགས་གནང་འདུག

ཟླ་འདིའི་ཚེས་༣ ཉིན། ༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་ཉིན་གྲངས་གཉིས་རིང་གི་རྒྱ་གར་རྒྱལ་ཡོངས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་གནས་མཆོག་རྡོ་རྗེ་གདན་གྱི་(Buddha Heritage and Resort) ཞེས་པའི་གསོལ་མགྲོན་ཁང་དུ་དབུ་འཛུགས་གནང་འདུག་པ་དང་།
ཐེངས་འདིའི་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གྷ་ཡཱ་རྫོང་དཔོན་(Dr. Thiyagarajan S.M.) གཙོས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང་སྐུ་སྒེར་དྲུང་ཆེ་བཀའ་ཟུར་བསྟན་པ་ཚེ་རིང་། ལྟེ་གནས་ཁང་གི་ངེས་སྟོན་པ་སེར་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་དང་དགེ་བཤེས་ཐུབ་བསྟན་སྦྱིན་པ། དེ་བཞིན་རྒྱ་གར་དང་བོད་ཀྱི་མཁས་པ་༤༠ ཙམ་མཉམ་ཞུགས་གནང་ཡོད་འདུག
དེ་བཞིན་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་བསྩལ་བའི་ནང་། བོད་པ་ཚོས་རྒྱ་གར་གྱི་གནའ་བོའི་ཤེས་རབ་སྲུང་སྐྱོབ་བྱས་ནས་ལོ་ངོ་༡༣༠༠ ལྷག་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་བཙན་འཛུལ་བྱས་རྗེས། ང་ཚོ་ལ་དཀའ་སྡུག་ཇི་སྙེད་ཅིག་འཕྲད་ཀྱང་། ང་ཚོས་བཙན་བྱོལ་དུ་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྒྱུན་འཛིན་སྲུང་སྐྱོབ་ཀྱི་གཞི་རྩ་བརྟན་པོ་བཙུགས་ཐུབ་ཡོད་པ། ལྟེ་གནས་ཁང་འདི་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་བྱ་རྒྱུ་ཙམ་མིན་པར། རིག་གཞུང་དེ་དག་དེང་རབས་ཀྱི་ཚན་རྩལ་དང་མཉམ་སྦྲེལ་ཇི་ལྟར་བྱེད་ཐུབ་མིན་དཔྱད་རྒྱུ་ཡིན་པ་དང་། རྒྱ་གར་ནས་བོད་ལ་དར་བའི་ནང་པའི་ཆོས་དང་ལྟ་གྲུབ ནང་པའི་ཚན་རིག་བཅས་ཀྱིས་མི་རབས་དུ་མའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་བཏང་ཡོད་པ་སོགས་འཁོད་ཡོད་འདུག་པ་དང་།
ཟླ་འདིའི་ཚེས་༣་དང་༤ བཅས་ཉིན་གྲངས་གཉིས་ཀྱི་རིང་། མཁས་པ་ཁག་ཅིག་གིས་དངོས་པོའི་ཆོས་ཉིད་དང་། སེམས་ཁམས་རིག་པ་དང་དེའི་ལག་ལེན། ཚད་མ་བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག
ལྟེ་གནས་ཁང་འདི་ནི་མཉམ་ཞིབ་དང་། ཤེས་ཡོན། དེ་བཞིན་བོད་དང་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ཀྱི་སྲོལ་རྒྱུན་བཅས་ལ་དེང་དུས་དང་འཚམ་པའི་འགྱུར་བཅོས་ཀྱི་ནུས་པ་ཐོན་པ་ཞིག་གི་ཆེད་དུ་དམིགས་པ་ཞིག་ཡིན་ཞིང་། དེ་ཡང་མཁས་པའི་ཞིབ་འཇུག་དང་། བགྲོ་གླེང་། མཉམ་འབྲེལ་གྱི་ལམ་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཟབ་མོ་རྣམས་དེང་གི་ཆར་གླེང་མོལ་དང་། བྱམས་བརྩེ་དང་བཟང་སྤྱོད། དེ་བཞིན་རྒྱུན་གནས་ཐུབ་པའི་འཛམ་གླིང་ཞིག་སྐྲུན་ཐུབ་པར་འབད་རྩོལ་ཞུ་རྒྱུ་ཡིན་འདུག ཕྱི་ལོ་༢༠༢༣ ཟླ་༡ ཚེས་༣ ཉིན། གོང་ས་མཆོག་གིས་ལྟེ་གནས་ཁང་གི་རྨང་གཞི་འདིང་འཇོག་གནང་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།