འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་རུ་བོད་དོན་གོ་རྟོགས་སྤེལ་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་(Mumbai) ་ལ་ཆབ་སྲིད་མི་སྣ་དང་། ཤེས་ཡོན་པ། གསར་འགོད་པ། གློག་བརྙན་བཟོ་སྐྲུན་གནང་མཁན་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་མང་ཚོགས་ལ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་འདུག

ཉེ་ཆར་བོད་ཀྱི་ཆེད་དུ་ཉིན་གཅིག་ཅེས་པའི་ལས་གཞིའི་འོག་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ལ་རྟེན་གཞི་བྱས་པའི་ཆ་ཏྲ་པ་ཏི་ཤི་བྰ་ཇྰི་(Shri Chhatrapati High School) ་འབྲིང་རིམ་སློབ་གྲྭའི་ནང་དགེ་རྒན་ལས་བྱེད་༧༠ ཙམ་ལ་བོད་དང་རྒྱ་གར་དབར་གྱི་ཆོས་དང་། རིག་གཞུང་། ཆབ་སྲིད་ཀྱི་འབྲེལ་ལམ་སྐོར་དང་། དེ་བཞིན་རྒྱ་གར་ལ་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད། བོད་དོན་ལ་རྒྱ་གར་གྱི་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་ཡིན་པ་སྐོར་གྱི་གཏམ་བཤད་གནང་ནས་བོད་དོན་གོ་རྟོགས་སྤེལ་འདུག
དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་སྟོན་པ། གློག་བརྙན་འགྲེམས་སྤེལ་པ་འགའ་ཤས་དང་ཐུག་འཕྲད་གནང་ནས། གློག་བརྙན་བརྒྱུད་མང་ཚོགས་ལ་བོད་དོན་བསྟན་ཐབས་གནང་རྒྱུའི་འབོད་སྐུལ་ཞུས་པ་མ་ཟད། ཆབ་སྲིད་ཚོགས་པ་(Nationalist Congress Party) ་ཞེས་པའི་སྤྱི་ཁྱབ་དྲུང་ཆེ་སན་ཏོ་ཤ་རོ་ཧི་ད་སི་(Santosh Rohidas Gharat) ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཝར་ཤ་ཨེག་ནཐ་(Varsha Eknath Gaikwad) ་དང་མཇལ་འཕྲད་ཀྱིས་བོད་དོན་སྤྱི་དང་། ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས་དང་མོམ་བྷེ་ནང་གི་བོད་མི་སུད་ཚོང་བ་རྣམས་ཀྱི་དཀའ་ངལ་སེལ་བའི་འབོད་སྐུལ་ཞུས་ཡོད་འདུག། ཁོང་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།