འཕྲིན་བཟང་མར་རོལ་ཞིང་སྤྱོད་པའི་ཚོམས་ཞེས་བྱ་བ་བཞུགས་སོ།།
—— <སྤྲིན་གྱི་ཕོ་ཉ-the cloud Messenger > སྐད་བཞི་ཤན་སྦྱར་མའི་ཀློག་བྱང་།
ཨ་ཚོགས་ཀླུ་མཁར་བྱམས།
རྩོམ་པར་དམ་བཅའ་བ།
བུད་མེད་ཡོད་ལ། ཤ་ཆང་དང་སྙན་ངག་གི་ལོངས་སྤྱོད་ཀྱང་འཛོམས་ཡོད། དེས་ཀྱང་མ་ཆོག་པར་མུ་མཐུད་ ‘དམ་ཉམས’དང་ ‘ལྟ་ལོག’གི་ལམ་ལ་ནེམ་ནུར་མེད་པར་བསྐྱོད་དོན་ཡང་། ངོ་མ་བཤད་ན། ཁོ་བོར་དེ་འདྲའི་ ‘རང་དབང’ཞིག་ཡོད་དགོས་པའི་དོན་མ་ཡིན་པར། མཐོ་རིས་ཀྱི་ཁྱེད་ལ་རྣམ་དག་གི་དག་ཞིང་ཞིག་སྐྲུན་ཆེད་ཡིན། མིའི་བྱས་ཉེས་ཀྱིས་མ་གཏོགས་ལྷའི་དག་ཞིང་ནི་རྒྱུ་ཚོགས་གཞན་གང་གིས་ཀྱང་མི་འགྲུབ་པར་བཤད། རེད་དེ། དེ་ལྟར་དགོས་མིན་ཡང་“ངེད་ཀྱིས་བསམ་པ་བཞིན་མ་ཡིན་པར། ཉིད་ཀྱི་དགོངས་པ་དང་བསྟུན་ཆོག” (༡) ཀྱེ་ཀྱེ-བདག་གི་ཁྲོས་མ་ནག་མོ་ཡ…
དང་པོ། སེམས་སྟོང་བ་དང་ལོ་གསར་བ།
ཡང་ལོ་སར་ལ་སླེབས་སོང་། ལོ་ཟླའི་འཁོར་ཞགས་ཀྱིས “རྒྱུ་འབྱོར་བ་ལ་ཁའི་ན་བུན། ཁྱིམ་བཟའ་ཚང་སྡོང་མགོའི་བྱ་ཚང” ཞེས་པའི་ཁ་རྒྱུན་འདིར་དྲན་གསོ་གཏོང་བཞིན་པ་ཙམ་མ་ཡིན་པར། མི་ཀུན་གྱི་དྲན་ཤེས་ན་བུ་རམ་བཞིན་མངར་བའི་རྩེད་ར་གོར་མོ་སྟེ། ཕ་ས་ཕ་ཡུལ་ལའང་ཐག་རིང་ནས་རིང་དུ་གཏོང་བཞིན་ཡོད།
རུ་ཡོང་གསར་བ་ཚོར་གཞུང་གི་རོགས་དངུལ་ཞིག་གནང་བཞིན་པའི་ཁར། ངེད་བཟའ་མི་གཉིས་ཀྱིས་ཞོར་ལས་ཙག་ཙིག་རེ་བྱས་པའི་ཡོང་འབབ་བསྣན་ན། ལོ་སར་གྱི་ཉོ་བཅའ་ལ་ལག་འཐོགས་དགོས་པ་མི་འདུག་མོད། ལོ་མཇུག་འདིར་ཨོ་གླིང་གི་མེ་སྐྱོན་རྗེས་སུ་ཝུའུ་ཧན་རྒྱ་ནད་བྱུང་བ་ལ་རྐྱེན་བྱས“བོད་ཀྱི་ཐབ་ཚང” གི་བྱུང་སོང་ཁ་འཐབ་མིན་ཐད། ནང་གི་ཨ་མ་གྲོག་མ་རྡོ་ཐོག་ལ་བཞག་པ་ལྟར་སྡོད་ཚུགས་མི་བདེ་བ་ཞིག་ཆགས་འདུག དུས་སྐབས་འདི་འདྲར་རྒད་པོ་ངས་ཀྱང་ཧ་ཅང་འབེལ་འབེལ་ལྷུག་ལྷུག་བྱེད་རྒྱུ་བདེ་བོ་རང་མ་བྱུང་།
མ་གཞི་བསམ་བློར་བཅིངས་གྲོལ་ཐོབ་ཟིན་པའི་ང་ལ་ཆ་བཞག་ན། ངའི་ཐོག་ན་བོད་རྙིང་པའི་ཁྱོ་དབང་རིང་ལུགས་ཀྱི་རྔ་མ་ཙམ་ཞིག་ལྷག་ཡོད་ཚེ། ཡང་ན། ལྷག་མེད་ཀྱང་ཡོད་མདོག་སྟོན་བྱེད་ཅིག་ཡོད་ན། ཆང་རག་ཉོ་རྒྱུར་བདག་མོར་བཀའ་འཁྲོལ་ཞུ་མ་མྱོང་བ་དེ་ཡིན་ལ། མོས་ཀྱང་ཆང་མང་པོ་མ་བཏུང་ལབ་པ་ལས། གོང་ཆེན་པོ་མ་ཉོ་གསུང་གནང་གི་མ་རེད།
ཉི་མ་དེར་ངེད་ཕ་བུ་གསུམ་པོ་ལོ་སར་གྱི་ཉོ་བཅའ་རྒྱག་སའི་ཚོང་རྭར་ཕྱིན་པ་དང་། ལམ་ཞོར་ནས་རྒྱ་མིའི་ཁྲོམ་སར་སོང་། དེ་གར་ཐོག་མའི་འཆར་ཟིན་ནང་མེད་པའི“མའོ་ཐེ་”རྒྱ་མ་དོ་ཉོ་རྒྱུ་ཆུད་སོང་། འོ་རེད། ས་ཁ་ཉིན་ནས་ཐ་མག་བཙན་དབང་གིས་སྤང་བ་ཡིན། བློས་གཏོང་ཆེན་པོ་དེ་ཡི་སྐལ་གླར་ཆང་དཀར་ཤེལ་དམ་གཉིས་དཱ་ཡོད་དགོས་བྱུང་། དེ་མ་གཏོགས་གཞན་རླབས་ཆེ་བའི་ཕ་རྒན་ང་ལ་ལོ་སར་གྱི་ཉོ་བཅའི་ཐོ་གཞུང་ནང་ཡོད་ཆོག་པའི་བརྔན་པ་རྐང་གཅིག་མི་འདུག
གཉིས་པ། ཨ་མ་འཕྲིན་མ་གདོང་ཐུག
མ་བསམ་ས་ནས་སེམས་ཁེར་རྐྱང་འདི་ལ་ཁ་གསབ་ཅིག་བྱུང་སོང་། དགུང་མོ་དེར་བདག་མོ་ལས་ཀ་ནས་ནང་ལ་ལོག་ཡོང་སྐབས། ཁྱེད་ལ་རྒན་སྤྲེལ་ནག་པས་དེབ་འདི་སྐུར་འདུག་ཟེར་ནས་<<སྤྲིན་གྱི་ཕོ་ཉ་>> བརྩེ་བའི་( འཕྲིན་བཟང་མ་ཞེས་བསྡུ་རྒྱུ་) ངེད་ཀྱི་པང་ལ་བཞག་སོང་།
དེབ་འདི་སྔ་ཙམ་ཀློག་རྒྱུར་རེ་སྒུག་བྱས་ཤིང་། རྒྱ་གར་ནས་ཡོང་མཁན་ཞིག་ལ་མངགས་ཆ་བྱ་དགོས་བསམ་བསྡད་ཡོད། [ངས་དྲན་ཚོད་བྱས་ན་འདས་མ་ཐག་པའི་ལོ་འདིའི་ནང་། བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཡི་གེ་བའི་སྡེ་ལ་གཏམ་བཟང་ཉག་གཅིག་ཡོད་པ་ནི། དེབ་འདི་རེད་ལབ་ན་ངས་གྲོགས་པོར་ངོ་བསྟོད་བྱས་པ་ཞིག་ཆགས་ཀྱི་མ་རེད] ཞེས་ནང་གི་ཨ་མར་དེབ་ཀྱི་ཆེ་བ་གང་འཚམ་ངོ་སྤྲོད་བྱས་པ་ཡིན། མ་གཞི་འཕྲིན་བཟང་མ་འདི་ངེད་ཀྱི་ཟུར་བརྟེན་མ་ཞིག་ཕར་ཞོག་ངོ་ཤེས་འདྲིས་པོ་ཞིག་ཀྱང་མིན་མོད། ངས་ཁོང་མོ་མཐོང་མ་ཐག་ངའི་ལུས་ངག་གི་རྣམ་འགྱུར་དང་། སྐད་ཆ་དེ་དག་ལ་བདག་མོ་ཚང་དོགས་པ་ལངས་སོང་བསམ་པ་ཞིག་འདུག
ཁོ་བོས་སྙན་ངག་ཀློག་དོན་དང་། དེ་ཡང་ལོ་སྟོང་ཕྲག་འགའི་གོང་གི་སྙན་ངག་ཤི་རོ་འདི་ཀློག་དོན། སྐབས་དེར་རྒྱ་གར་གྱི་གླང་རྫི་གླེན་པ་ཞིག་བརྩེ་དུང་གིས་སྡུག་ལ་སྦྱར་པའི “ཡིད་གདུང་” ལས། ང་ལ་དེ་རིང་བརྩེ་དུང་གི་ཐོག་ལ་གོ་དོན་འཕར་མ་ཞིག་རག་མི་སྲིད་ལ། ཡང“ཡིད་གདུང་” དེ་རང་ཐོག་ལ་བླངས་ནས་རང་སེམས་སྡུག་ལ་སྦྱོར་ཆེད་དེ་བས་ཀྱང་མ་རེད། སྙན་ངག་འདི་ནི་མེ་ལོང་ཞིག་ཡིན་རྒྱུ་ན། མེ་ལོང་དེ་ལས་ངས་རང་སེམས་ཀྱི་གདོང་རུས་ངོ་མ་བོ་ཞིག་མཐོང་སྐལ་བྱུང་ན། བདག་གི་འཚོལ་སྙེག་དང་བདག་གི་བདེ་སྐྱིད་དེ་རུ་ཡོད་སྲིད།
ཇི་སྐད་དུ་“སྙན་ངག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་ལ། མི་རྣམས་རྒྱུ་དངོས་ཀྱི་འདོད་རྔམ་ནང་ཟགས་ནས་ཚིམས་པ་མེད་པའི་སྐབས་སུ། སྙན་ངག་གི་བློས་བསླངས་ཁྲོད་ནས་སེམས་རྒྱུད་ལ་ཞི་གནས་ཞིག་རག་གི་རེད། དེ་ཡིས་ད་གཟོད་མིའི་གཤིས་རྒྱུད་གུ་ཡངས་པོར་གཏོང་ལ། མི་ལ་བདེ་སྐྱིད་ཟེར་བ་ཞིག་དངོས་གནས་དགོས་ན་དེ་རུ་ཡོད་”ཞེས་པ་ལྟར་རོ། འདི་ནི་དབྱིན་ཇིའི་བསམ་བློ་བ་ཆེན་མོ་Francis Bacon (1561-1626 ) (༢)ལགས་ཀྱི་གདམ་པ་གལ་ཆེན་ཞིག་རེད། ངས་ཀྱང་རང་གི་བསམ་ཚུལ་ལ་འདི་ལྟར་ལུང་རིགས་ཀྱི་རྒྱབ་དཔུང་བསྒྲིགས་ནས་བདག་མོར་ཁ་གཏད་བཅག་ཆོད་མོད། མོ་རང་འགྲེལ་བཤད་མང་བོར་སུན་གི་ལབ་སོང་། ངས་ཀྱང་གཡུགས་བཞག་པ་ཡིན།
གསུམ་པ། སྤྲང་རྩི་ཟླ་བ་དང་ཐ་སྙད་ཀྱི་བཙོན་པ།
མི་ཚེ་ནང་དེབ་རྣམས་ཀློག་ནས་འདང་སོང་ཟེར་བ་ཞིག་མེད་མོད། རིན་ཐང་མེད་པའི་དེབ་དེ་ཚོར་ངོ་མ་སུན་སོང་། དེ་བས་ངས་དེབ་ཅིག་མ་ཀློག་གོང་ནས་བཀློག་མི་དགོས་པའི་ཁ་གཡོར་ས་ཞིག་བཙལ་གང་ཐུབ་བྱེད་ཀྱི་ཡོད། དམིགས་སྒོ་ངེས་ཅན་གྱི་རྒྱུ་ཆ་འདྲ་མིན་ན། དེབ་གསར་པ་ཞིག་ལག་པར་རག་མ་ཐག ཐོག་མར་རྒྱབ་ཤ་ཇུས་འགོད་ལ་ལྟ་བ་དང་། དེ་ནས་དྭངས་བ་སླེབས་སོང་ན་གླེང་བརྗོད་དང་མཇུག་བྱང་བསྔོག་ཙམ་བྱེད་ཀྱི་ཡོད་ལ། དེ་ཡང་དེབ་དེ་ཆ་ཚང་བོ་ཀློག་མི་དགོས་པ་ལ་ཁ་གཡོར་ས་ཞིག་བཙལ་ཆེད་ཡིན། ལོ་རྒྱུས་ཀྱི་དེབ་འདྲ་ཡིན་ན་དང་པོ་ནས་རྩ་ཆོས་བརྒྱབས་ཏེ། དཔྱད་གཞིའི་རྒྱུ་ཆ་དང་། རྒྱུ་ཆའི་འབྱུང་ཁུངས་སོགས་ལ་མིག་གཤེར་ཙམ་བྱས་རྗེས། གསར་པ་འདྲ་མེད་ན་ཁེངས་སྐྱུང་རྫུན་མ་ཞིག་དང་བཅས་ཟུར་ལ་འཇོག་རྐྱང་ཡིན།
དགུང་མོ་དེར་འཕྱི་པོ་ཆགས་འདུག ངས་འཕྲིན་བཟང་མ་ཞལ་ཁ་ཕྱེས་མ་ཐག གོ་རིམ་གང་ཡང་མེད་པར་དང་པོ་བོད་ཡིག་ནང་གི་ཚིགས་བཅད་ཤོ་ལོ་ཀ་བརྒྱ་ལྷག་ཡོད་པ་དེ་དག་འཐེན་ཐུག་བཏུང་བ་བཞིན། དབུགས་ཐེངས་གཅིག་གིས་ཀློག་འཇོག་དགོས་བསམ་སོང་། ཆོད་སེམས་དེ་ནི་འཕྲིན་བཟང་མར་སེམས་པ་ཤོར་བ་ལས་ཀྱང་གྲོགས་པོའི་ཁ་ངོར་བལྟས་པ་ཡིན་སྲིད། གང་ལྟར་ཆང་བཏུང་ཕྱིན་ང་འདི་ར་མ་བཟི་ན་བྲོ་བ་མེད་མཁན་གྲས་ཡིན།
ང་དང་འཕྲིན་བཟང་མ་གཉིས་ཀྱི་སྦྲང་རྩི་ཟླ་བའི་ཞག་མ་དང་པོ་དེ་ལྟར་མཇུག་རྫོགས་སོང་ལ། བོད་རྒྱ་དབྱིན་གསུམ་ཀྱི་བརྡ་བྱེད་མཁས་པོ་དག་གི་བློ་བཟོ་བྱས་པའི་ཚིག་གི་གཟེབ་ལ་ཚུད་ནས་ག་དུས་ཤིག་ལ་གཉིད་ཁུག་པའང་ཧ་གོ་མ་སོང་། ངས་སྙན་དེབ་འདི་མ་ཀློག་གོང་ལ་འགྱུར་དང་འགྱུར་བསྡུར་ནས་བལྟ་རྒྱུར་བསམ་བློ་གང་ཡང་བཏང་མེད། ཡིན་ནའང་། བོད་ཡིག་ནང་གི་ཚིག་རྐང་རེ་ཀློག་པ་དང་། རྒྱ་ཡིག་ཐོག་རང་བཞིན་གྱིས་མིག་ཤོར་འགྲོ་གི་འདུག དེས་ཀྱང་བློ་ཁ་མ་བདེ་བར། བོང་བུ་དར་ཐོག་ལ་དེད་པ་བཞིན། དབྱིན་འགྱུར་མ་ཡང་གང་ཐུབ་ཞིག་ཚེག་འདེད་བྱས་པ་ཡིན།
བཞི་བ། རྭ་ཅོ་ཅན་དང་སྡེར་མོ་ཅན།
སྐད་ཡིག་གི་གཤིས་སྤྱོད་མི་འདྲ་བ་ཡིན་སྟབས། མི་འདྲ་བ་ཤེས་བཞིན་དུ་སྐད་ཡིག་མ་འདྲ་བའི་ནང་གི་འགྱུར་གྱི་ཚིག་ཉམས་སྟོན་སྟངས་སོགས་ཕན་ཚུན་བསྡུར་ཁུལ་བྱས་ན། རཱ་ཅོ་ཅན་ཞིག་དང་། གཤོག་པ་ཅན། སྡེར་མོ་ཅན་ཕན་ཚུན་བསྡུར་བ་ལྟར། གཅིག་གི་ངོ་བོ་ནས་གཞན་དེར་བལྟས་ན་ཞན་ཆར་སྣང་ཡང་། ཞན་ཆར་མཐོང་མཁན་ལ་སྐད་ཆ་དྲིས་ན་དེ་དགེ་མཚན་ལ་འགྱུར་འགྲོ་བ་ལྟ་བུ། གཅིག་ཐོག་ལ་འབབ་ས་ཞིག་རག་མི་སྲིད་མོད། སྒྱུར་རྩོམ་ལ་ཡག་སྡུག་ཡོད་པའང་ཆོས་ཉིད་ལ་སོང་། འོ་ན་འགྱུར་རྩོམ་གྱི་ཡག་སྡུག་ཇི་ལྟར་འབྱེད་དགོས་རེད་ཟེར་ན། གཙོ་བོ་ཡིད་ལ་འཛིན་དགོས་པ་གཉིས་ནི་མཐོང་ཐུབ་པའི་ངེས་ཚིག་ལ་ནོར་འཁྲུལ་ཡོད་མེད་དང་། མཐོང་ཡུལ་མ་ཡིན་པའི་ཤུགས་བསྟན་གྱི་གོ་དོན་ཕྱིན་ཅི་ལོག་པ་ཡོད་མེད་གཉིས་པོ་ཡིན། དེ་ན་ཆ་རྐྱེན་འདི་གཉིས་གཞིར་བཞག་གི་ཐོག གཤམ་ནས་ང་ཚོས་འགྱུར་གསུམ་ཀ་ཐོད་གཏུགས་ནས་ཅིག་བསྡུར་ཆོག་ལ། དེ་ཡང་དོན་ཚན་གཉིས་ནང་དབྱེ་ནས། དཔང་རྟགས་ཀྱིས་བསྡུར་བ་དང་། མྱོང་ཚོར་གྱིས་བསྡུར་བ་གཉིས་བྱ་ཆོག
ཚོད་ལྟའི་སྦྱོང་ཚན།( དང་པོ) བོད་འགྱུར་ཤོ་ལོ་ཀ་(༢)
འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་ཟླ་བ་འགའ་ཡིས་རི་བོ་དེར་ནི་ཕྱིན་བྱས་པས།།
དབྱིན་འགྱུར་ནང་།
The impassioned lover having passed some months on that hill, parted from her unsupported
འདི་ལྟར་དུམ་བུ་གཉིས་ལ་བགོས་འདུག་པ་དང་། བོད་འགྱུར་གྱི་ཚིག་གྲུབ་ནང་ ‘མཛེས་མ་སྤངས་ཤིང་’ ཞེས་པའི་མཚམས་འདི་ནས་ཟུར་འདོན་གྱིས། བཅད་རྐང་ཕྱི་མ་བཟོས་འདུག་པ་[ parted from her unsupported -མི་འདོད་བཞིན་དུ་ཁོང་མོ་སྤངས་ནས་སུ] ཞེས་པ་ལྟར་རོ།
རྒྱ་འགྱུར་ནང་དུའང་ཚིག་རྐང་འདི་དུམ་བུ་གཉིས་བྱས་འདུག་པ
“ 这位多情人在山中住了几个月,离别了娇妻,” ལྟར་དང་།
དབྱིན་འགྱུར་མ་ནང་བཞིན། ‘མཛེས་མ་སྤངས་ཤིང་’ཞེས་པའི་ཁ་མཚམས་ནས་ཟུར་འདོན་གྱིས། བཅད་རྐང་ཕྱི་མ་བཟོས་པ(离别了娇妻- ཆུང་མ་ལ་ནི་གྱེས་བྲལ་བྱས) ཞེས་པ་ལྟར་རེད།
བོད་འགྱུར་དང་། རྒྱ་འགྱུར་གཉིས་ནང་(unsupported-མི་འདོད་བཞིན་དུ་)ཞེས་པ་འདི་ཡོང་ཐུབ་མེད་ལ། དེ་ནི་སྙན་ངག་གི་སྐད་ཆ་བྱས་ན་གཟུགས་བརྡའི་སྤྱོད་ཡུལ་མ་ཡིན་པ། སྐད་ཆའི་ཤུགས་ཀྱི་སྐད་ཆ་སྦས་དོན་མངོན་ཐབས་བྱས་པ་ཡིན་ལ། ད་དུང་བོད་འགྱུར་ནང་བཞིན་(འདོད་ལྡན་དེ་ནི)+(རི་བོ་དེར་ནི) ལྟ་བུ་བསྐྱར་བཟློས་ཡང་བཟློས་བྱས་མེད་པ་ཡང་དབྱིན་འགྱུར་དང་། རྒྱ་འགྱུར་གཉིས་ཀྱི་ཁྱད་ཆོས་རེད་ཟེར་ཆོག
༼ནང་ལས་བཟོ་ཐབས། ༽ ད་ནི་ང་ཚོས་ལེགས་སྦྱར་གྱི་མ་གདན་ཁུར་ཡོང་ནས་གོང་གསལ་འགྱུར་གསུམ་པོར་སྐར་མ་སྤྲོད་ཆོག ངེས་ཚིག བོད་(མཛེས་མ) རྒྱ་(ཆུང་མ) དབྱིན་(ཁོ་མོ)
ཤུགས་བསྟན། (མི་འདོད་བཞིན- unsupported )
བྱ་ཚིག་འདི་བོད་འགྱུར་དང་། རྒྱ་འགྱུར་གཉིས་ནང་མེད། དབྱིན་འགྱུར་ནང་སླེབས་ཡོད། དེ་ན་ལེགས་སྦྱར་གྱི་ཚིག་ངོས་ན་བྱ་ཚིག་འདི་ཡོད་བཞིན་དུ། བོད་འགྱུར་དང་། རྒྱ་འགྱུར་གཉིས་ནང་ཆད་ཡོད་ན། ངེས་ཚིག་ཐོག་ནོར་འཁྲུལ་ཤོར་བ་ཡིན་ལ། མེད་བཞིན་དུ་དབྱིན་འགྱུར་ནང་བཀོད་པ་ཡིན་ནའང་། སྐབས་འདིར་ནོར་འཁྲུལ་མ་ཡིན་པར་སྦས་བ་མངོན་ཐབས་ཀྱི་འགྱུར་རྩལ་ཡིན་སྟབས། དགེ་མཚན་ཅན་ཏེ། སྐར་མ་གཅིག་ཐེབས་པ་སྤྲད་ཆོག
ཚོད་ལྟའི་སྦྱོང་ཚན།( གཉིས་པ) བོད་འགྱུར་ཤོ་ལོ་ཀ (༩༧)
དེ་ཡི་བདག་གི་ལག་པའི་སེན་མོའི་རྗེས་ནི་མེད་ཅིང་མུ་ཏིག་རྣམས་ཀྱི་དྲ་བ་ནི།།
ཡུན་རིང་ཉིད་ནས་འདོར་བར་བྱས་པར་གྱུར་ཅིང་ལོངས་སྤྱོད་རྫོགས་པའི་མཐའ་རུ་ནི།།
བདག་གིས་ལག་པ་རྣམས་ཀྱིས་མཉེས་པར་བྱས་མེད་ཀྱང་ཁྱོད་འོངས་སྐལ་བཟང་དབང་གིས་ནི།།
དེ་ཡི་ཆུ་ཤིང་གསར་པའི་སྡོང་པོ་བརླ་ཡང་གཡོན་པ་གཡོ་བ་ཉིད་ནི་ཐོབ་པར་འགྱུར།།
And her left thigh-here of my nail marks,
unadorned by the network of pearls of long-worn zone
she cast aside struck by the turn of fate,
so used to the gentle stroking of my hands
after love’s enjoyment__
pale as a tender planaint’s stem will start quivering .
她的左股现在己没有我的指甲痕迹,由于命运所定,也脱去了々已相熟的珠钊,它白嫰得如同鲜艳欲滴的芭萑柔秆,好合后我常以手抚摸,当你到时也会抖颤。
གོང་གསལ་དབྱིན་འགྱུར་དང་། རྒྱ་འགྱུར་གཉིས་ལ་མཐུན་ཆ་ཆེས་ཞིང་། འགྱུར་དེ་གཉིས་ནང་སེན་མོའི་རྗེས་ཤུལ་དགའ་མའི་བརླ་གཡོན་པར་ཡོད་པ་གསལ་ལ། བོད་འགྱུར་ནང་ ‘ཆུ་ཤིང་གསར་བའི་སྡོང་པོའི་བརླ་ཡང་གཡོན་པ་གཡོ་བ་ཉིད་’ ལྟ་བུ་ཡིན་ན། བརླ་ཐོག་ན་སེན་མོའི་རྗེས་ཤུལ་ཡོད་པའི་སྐད་ཆ་མེད་ཁར། བརླ་དང་ཆུ་ཤིང་མཉམ་པོར་གཡོ་གི་ཡོད་ཟེར་བ་འདྲ་བོ་གོང་འོག་འབྲེལ་ཆགས་པོ་མི་འདུག དབྱིན་རྒྱ་གཉིས་ནང་ཆུ་ཤིང་གཡོ་དོན་ཧ་ཅང་ཁ་གསལ་ལ། དེ་ཡང་བདག་པོ་ངས་འདོད་ཡོན་ལ་རོལ་ནས་སྐྱིད་པོ་བཏང་ནས་བསྡད་ཡོད་པའི་སྐབས་སུ། སྒོ་རའི་ནང་གི་ཤིང་ཕྲན་དག་གི་འདབས་ལོར་ལག་པའི་བཤུག་བཤུག་གཏོང་དཔེ་ན། དེ་དག་གིས་དེ་རིང་ཕོ་ཉ་ཁྱེད་ནང་ལ་སླེབས་པ་མཐོང་ཚེ། དགའ་ནས་མགོ་ལྕོག་འདར་བར་བྱ་སྲིད་ཅེས་པ་དེ་རེད། བོད་འགྱུར་ནང་ངའི་ལག་པས་ཆུ་ཤིང་རྣམས་ ‘ མཉེས་པར་བྱས་མེད་ཀྱང་’ ཆུ་ཤིང་དག་གིས་ཁྱེད་སླེབས་པ་མཐོང་ན། དེ་ལ་དགའ་ནས་འདར་ཡང་སྲིད་ཞེས་བཀོད་འདུག་ན། ཚན་པ་འདི་ཡང་ལེགས་སྦྱར་ལ་ཐོད་མ་གཏུགས་རང་གཏུགས་རེད། གཞན་ཡང་བོད་འགྱུར་དང་། རྒྱ་འགྱུར་གཉིས་ནང་སླེབས་ཐུབ་མེད་པའི་ཚིག་གྲུབ་གལ་ཆེན་ཞིག་ནི། དབྱིན་འགྱུར་ནང་གི་ long-worn zone ཞེས་པ་འདི་རེད། དེ་ནི་སྐུ་ཤ་བརློན་པའི་ཐོག་ལ་རྒྱན་ཆ་ལྕི་མོའི་རིགས་ཀྱིས་ཡུན་རིང་བརྡར་བར་རྗེས་ཤུལ་ཡོད་པའི་དོན་ཡིན་སྟབས། ལེགས་སྦྱར་ནང་ན་འདི་ག་རང་བྲིས་མེད་ན། སྤས་དོན་མངོན་ཐབས་ཀྱི་འབྲི་རྩལ་ཁྱད་པར་བ་རེད། གཤམ་ནས་ང་ཚོས་མ་རྩོམ་ནང་ག་འདྲ་བྲིས་ཡོད་མེད་ལ་བསམ་བློ་མ་བཏང་བར། སོ་སོས་འགྱུར་གསུམ་ནང་གང་གོ་བ་རྣམས་ཕྱོགས་བསྡུས་ཀྱིས། ཚོད་ལྟའི་བསྡུས་རྩོམ་ཞིག་བྲིས་ཏེ། མཐའ་མ་ལེགས་སྦྱར་དང་བསྡུར་ནས་རང་གིས་རང་ལ་ཡིག་རྩལ་གཏོང་ཆོག
༼ངེད་ཀྱི་རྩོད་ལྟའི་བསྡུས་རྩོམ་གཤམ་གསལ།༽
བརླ་ཤ་གཡོན་པར་ངེད་ཀྱིས་བཟོས་པའི་སེན་མོའི་རྗེས་ཤུལ་རིང་ནས་དག།
མུ་ཏིག་དྲ་བ་གོས་སུ་བཀླུབས་པའི་ལས་སྐལ་དེ་ཡང་ཁོང་མོར་རྫོགས།།
འདོད་ཡོན་རོལ་བའི་སྐལ་བ་དག་ལ་བདག་གི་ལག་པས་མཉེད་བྱས་པའི།།
ཁྱོད་མཐོང་ཚེ་ན་མཉེན་ལྕུག་འཁྲི་ཤིང་འདབ་ལོ་དག་ཀྱང་དགའ་བཞིན་འདར།།
ལྔ་བ། རང་མྱོང་བཅའ་འཇོག་མ།
* བོད་འགྱུར་མ་ནི་དམངས་ཁྲོད་ཐ་སྙད་ལས་ཡི་གེ་བོའི་ལོག་སྐད་ལ་ཆ་འཇོག་བྱེད་མཁན་ཞིག་ལ་མཚོན་ན། ཚིག་དོན་གཉིས་ཀ་རྒྱ་རྩོམ་ཇི་མ་ཇི་བཞིན་འཁྱོངས་སོང་ན། དེས་འགྲིག་གི་རེད་བསམ་ཡོད་བཟོ་འདུག དེ་བས་ལེགས་སྦྱར་ནང་ལྟར་ཤོ་ལོ་ཀ་གཅིག་ལ་བཅད་རྐང་བཞི་ཡིན་ཤག་ཐོག ལེགས་སྦྱར་ནང་གི་ཚིག་རྐང་རེ་ལ་ཡིག་འབྲུ་བཅུ་བདུན་ཡོད་པ་དེ་དང་གྲངས་ཚད་གཅིག་པ་ཡོང་ཆེད། བོད་འགྱུར་ལ་ཡིག་འབྲུ་བཅུ་དགུའི་ནང་བཙན་སྒྲིག་བྱས་པར་བརྟེན། ཚབ་ཚིག་དང་། མངོན་བརྗོད་གོབ་ཏོ་དེ་ཚོས་སྐད་ཆ་མནར་རྒྱུ་མང་དྲགས་ནས་ཚིག་གི་དབྱངས་འགྲོས་ཤོར་བཅུག་པ་ཕར་ཞོག མ་ཡིན་པ་ཞིག་ཨུ་ཚུགས་ཀྱིས་ཡིན་པར་སྒྲུབ་བཞིན་པ་འདྲ་བོ་འདུག
* རྒྱ་འགྱུར་མ་འདི་བཅད་ལྷུག་གང་ཡང་མིན་པ་ཞིག་ཆགས་འདུག་ལ། དེར་བསམ་ཤེས་ཐུབ་པ་ཞིག་ནི། རྒྱ་ཡིག་གི་སྙན་ངག་ལ་ཆེད་སྤྱོད་ཀྱི་ཚིག་གྲུབ་བཟོ་སྟངས། ཚིག་གཅིག་དོན་གཅིག་ཅན་ཚོ་ཕུད། ཡིག་འབྲུ་གཉིས་ཀྱི་ཚིག་གྲུབ་གཅིག་དང་། ཡིག་འབྲུ་གསུམ་ཀྱི་ཚིག་གྲུབ་གཅིག་ཅན། ཡིག་འབྲུ་བཞིའི་ཚིག་གྲུབ་གཅིག་ཅན་སྒང་ལ་འགྲོ་ས་མེད། དེ་ལྟར་ཚིག་གྲུབ་ལ་ཡིག་འབྲུའི་ཚད་བཀག་ཡོད་པ་གང་ཞིག་ལ། བོད་ཡིག་ནང་གི་མངོན་བརྗོད་འདྲ་བོ་རྒྱ་སྐད་ནང་མེད། འཇའ་ཚོན་ལ 彩虹 ཡིག་འབྲུ་གཉིས་པོ་འདི་འབྲི་བ་ལས་’མཐོ་རིས་བདག་པོའི་གཞུ་’ ལྟ་བུ་ཡོང་གཞི་མེད། དེ་བས་རྒྱ་ནག་གི་སྲོལ་རྒྱུན་སྙན་ངག་ཚེག་ཁྱིམ་བདུན་ཅན་ཞིག་ཡིན་ན། དེའི་ཚེག་ཁྱིམ་སྒྲིག་སྟངས་( 四、三) ཅན་དང་། ཡང་ན(二、二、三)ཅན་ལ་བྱས་ཡོད། དེ་བས་ལེགས་སྦྱར་ནང་གི་ཚེག་ཁྱིམ་བཅུ་བདུན་ལ་ཚིག་རྐང་གཅིག་བྱས་པའི་ཉོག་རིང་མ་འདི་འདྲ་ཞིག་རྒྱ་ཡིག་ནང་འགྲོ་ས་མེད་སྟབས། བཅད་ལྷུག་གཉིས་ཀ་མིན་པ་ཞིག་ཆགས་དོན་རེད་ལ། རྒྱ་འགྱུར་འདིའི་ནང་ལེགས་སྦྱར་གྱི་ཚིག་རྐང་གཅིག་དུམ་བུ་གཉིས་ལ་བཅོད་དགོས་པ་བཤད་མ་དགོས་པའི་ཁར། མཚམས་རེར་དུམ་བུ་གསུམ་ལ་བཅད་པའང་འདུག ལེགས་སྦྱར་གྱི་ཚིག་རྐང་གཅིག་རྒྱ་འགྱུར་ནང་དུའང་ཚིག་རྐང་གཅིག་ལ་བྱས་པ་རེ་གཉིས་འདུག་མོད། འགྲེལ་བཤད་ནང་བཞིན་སྐད་ཆ་རིང་དྲགས་ནས་སྙན་ངག་ཞིག་གི་བྲོ་བ་སེམས་ཐག་རེད། རྒྱ་འགྱུར་མ་འདི་ཁ་ཕྱིར་སྐོར་ནས་ལེགས་སྦྱར་ནང་བསྒྱུར་བ་ཡིན་ན་ཆོབ་ཚ་བོ་ཡོང་བཟོ་འདུག
* དབྱིན་ཇིའི་སྙན་ངག་ནི་གཙོ་བོ་སྒྲ་གདངས་དྲག་ཞན་སྙོམ་སྒྲིག་ཐུབ་སོང་ན། ཚིག་ཁྱིམ་ཀྱི་རིང་ཐུང་ངམ་བཅད་ལྷུག་གང་ཡིན་རུང་། བོད་ཡིག་དང་ཁྱད་པར་དུ་རྒྱ་ཡིག་ནང་བཞིན་ཚད་ངེས་ཅན་ཞིག་ནས་དུམ་སར་གཅོད་དགོས་པ་ཞིག་མིན་སྟབས། ཚིག་རྐང་ཉོག་རིང་མའི་སྙན་ངག་འདི་ལྟ་བུ་བསྒྱུར་སྐབས། ཁེ་ཕན་གཅིག་དེ་རེད་སྙམ། སོང་ཙང་། དབྱིན་འགྱུར་འདི་འགྱུར་ཡུལ་དང་འགྱུར་གཞི་གཉིས་ཀྱི་ཚིག་ཉམས་ལ་བསྟུན་ཆེད། འགྱུར་ཚིག་གི་རིང་ཐུང་དང་མང་ཉུང་རང་མོས་སུ་བྱས་ཤིང་། སྐབས་རེར་བཅད་རྐང་གི་གོང་འོག་བརྗེ་ནས་འབྲི་བ་སོགས་གང་ཐད་ནས་བྱང་རྩལ་ལྡན་པ་ཞིག་དུ་མཐོང་། དེ་རིང་ནག་མོ་ཁོལ་བ་བཞུགས་ཡོད་རྒྱུ་ན་དབྱིན་འགྱུར་མ་འདི་ལ་(ok)ལབ་ནས། མཐེ་བོང་སྟོན་ས་རེད་བསམ་བསམ་ཞིག་འདུག
རེད་དེ། གོང་ནས་ལེགས་སྦྱར་རྐང་གཅིག་མ་ཤེས་པར་ཕོ་ཚོད་ཀྱིས་བསྡུར་བ་ཁག་ལ་ཆ་འཇོག་དགོས་དོན་མེད་ལ། མཚམས་འདིར་ང་ཚོས་ཆེད་མཁས་པའི་སྐད་ཆར་ཉན་ན། “བོད་འགྱུར་མ་འདི་བཞིན། ཚིག་དོན་ཟུང་འཇུག་གི་སྡེབ་སྦྱོར་རྣམས་ལུས་རྒྱན་སྐྱོན་བསལ་སོགས་སྙན་གཞུང་རིག་པའི་འགྲོས་དང་བསྟུན་སྟབས། རྨད་བྱུང་གཏམ་གྱི་འཇོ་སྒེག་ཤིན་ཏུ་ཆེ་བ”ཡོད་པ། རྒན་སྤྲེལ་ནག་པ་དང་། རྡོ་རྗེ་སྐྱབས་གཉིས་ཀྱིས་བརྗོད་འདུག་ལ། དེ་ནི་ལེགས་སྦྱར་ནང་གི་མ་སྐད་ལ་གཞི་བཅོལ་ནས་དཔྱད་འཇོག་བྱས་པར་སོང་། ཁུངས་བཙུན་རང་ཡིན་ན། ངས་གང་སྐྱོན་དུ་མཐོང་བ་དང་། གང་ལ་དགེ་མཚན་ཅན་དུ་མཐོང་བ་ནི་ཁྱབ་ཁོངས་དེའི་ཕྱི་ལོགས་ཀྱི་སྐད་ཆ་རེད། རྒྱ་འགྱུར་མ་དེ་ཡང་དགེ་མཚན་མེད་པ་མིན་སྟེ། ཚིག་ཉོག་སྤངས་ནས་ཁ་སྐད་(白話文)ནང་ལྟར། ཁ་དམ་ལྷོད་རན་པ་ཞིག་བྱུང་འདུག་ཁར། ཟུར་མཆན་སོགས་གཟབ་ནན་བྱུང་ཡོད་སྟབས། ལས་ཀ་སྤུས་དག་གྲས་རེད།
དྲུག་པ། ཕྱི་དུད་ཅན་དང་སྙན་ངག
འཕྲིན་བཟང་མ་འདི་མ་གཞི་ནས་སྙན་ངག་རྐྱང་བ་ཞིག་ཡིན་སྟབས། འདིར་འགྱུར་གྱི་སྐད་ཆ་ཟུར་ལ་བཞག་ནས་སྙན་ངག་རང་སྟངས་ལ་བབས་ན། སྙན་ངག་ཡིན་ན་ཚོར་བ་སྐྱེན་པོ་ཞིག་གིས་བྲིས་པར་ཙང་། རོལ་མྱོང་བྱེད་སྐབས་ཀྱང་ཚོར་ཤུགས་ལ་བརྟེན་དགོས་རེད་ལབ་ན། ཏག་ཏག་བསྡད་ཡོད་མེད་མི་ཤེས། བསམ་གཞིགས་ཀྱི་རིན་ཐང་ལྡན་པའི་སྙན་ངག་དག་ནི་ཚོར་བ་བརླག་ཚར་རྒྱབ་མུ་མཐུད་ཀློག་སྙིང་བྲོ་བ་བཤད་ག་ལ་དགོས། སྐབས་འདིའི་དཀའ་ངལ་ནི། ཚོར་རྟོགས་རྗེས་དཔག་ལ་བརྒལ་བའི་གོ་རིམ་དེ་རེད་ལ། སྤྲུམ་མའི་སྐྱེས་གཟེར་གྱི་མགོ་མ་ནང་བཞིན། རེ་བ་ཁོ་ནས་སྐབས་ཐོག་གི་ཚོར་རྟོགས་རྦད་དེ་བརྗེད་པར་བྱེད་ཐུབ་པ་ཞིག་མིན་ལ། ཡིན་པའི་དབང་དུ་བྱས་ཀྱང་། ཁྱི་ཡིས་གློ་བ་མུད་པའི་ངང་ཚུལ་ལ་སོང་། སྒྱུ་རྩལ་ལ་འཇུག་པའི་དགོས་དམིགས་མ་འགྲུབ་པ་རེད། དེ་བས་ངས་དེབ་འདི་ཀློག་ཞོར་ཚོར་རྟོགས་ལ་ཤུགས་ཀྱིས་འཇུས་ཤིང་། ཁ་ཟིན་སྣ་ཟིན་གྱི་ཡིད་འགྱུ་དེ་དག་ཐོ་ལ་བཀོད་ནས། ཟུར་དུ་ཤོ་ལོ་ཀ་བཅུ་ཅན་ཞིག་བྲིས་སྟེ། ཀློང་བྱང་འདི་ལ་ལྷན་ཐབས་སུ་སྦྱར་ཡོད། ༼ཀློག་བདེ་ཆེད་ཚན་པ་གཞན་ལ་བཀོད་རྒྱུ༽
བདུན་པ། སྙན་ངག་མ་ཡིན་པའི་གླེང་འཚོལ།
རི་བོང་གནམ་ལྡུབ་གྱི་སེམས་ཁྲལ་ནི། འཕྲིན་བཟང་མར་ལོ་རྒྱུས་ཐོག་ནས་ཕྱི་ནང་གི་འགལ་རྐྱེན་དབང་གིས་ཚད་བཀག་ཐེབས་པ་ཙམ་མ་ཡིན་པར། དེ་རིང་ཁོང་མོར་ཡོད་པའི་ཁྱད་ཆོས་གང་ཡིན་པ་དང་། ང་ཚོར་དགོས་མཁོ་གང་ཡོད་པ་གཉིས་ངོ་འཕྲོད་མིན་ཡང་ཚད་བཀག་གི་རང་བཞིན་ཡིན་སྟབས། བརྗོད་གཞི་འདི་དག་གི་ཐོག་ལ་བབས་ན། དེ་ཡང་ཕྱི་ལོ་༡༢༧༠ ཤོང་སྟོན་ལོ་ཙཱ་བས་<སྙན་ངག་མེ་ལོང་མ> བོད་ལ་མ་བསྒྱུར་པའི་ཡར་སྔོན་དུ། ས་པཎ་ཞལ་ནས་ “སྙན་ངག་རྒྱ་གར་ལ་གཙིགས་ཆེ་ཡང་། བོད་འདི་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས” སྐོར་གསུངས་པ་བཞིན་ཡིན་པར་ཆ་ཞོག། [རྒྱ་གར་ཤེས་རིག་གི་འཚོ་ཚིལ་མེད་ན་བོད་ཀྱི་རྩམ་སྐྱ་མུད་པར་འགྲོ་གི་མི་འདུག་ལབ་མཁན་ཚོས། རིག་གནས་ནང་འདྲེན་བྱས་པའི་ཞེ་འདོད་དངོས་ནི། རྒྱ་སོག་གོང་མའི་ལག་ནས་ ‘མཆོད་ཡོན’གྱི་དབྱུག་པ་ནང་འདྲེན་བྱས་སྟེ། ཁ་མི་ཉན་མཁན་དག་གི་མགོ་རྡུག་གི་ཡིན་ཟེར་བ་དང་འདྲ་བོ་ཡོད་ཙང་། བཤད་ཚད་པོར་ལེགས་སོ་ཟེར་དགོས་མེད] དེ་ན་མེ་ལོང་མ་ནས་བཟུང་། བོད་ཀྱིས་ཀྱང་སྙན་ངག་ལ་གཙིགས་ཆེན་བྱས་པ་མ་ཟད། རྒྱ་གར་གྱི་ལུགས་ལྟར་སྙན་ངག་ཡང་གཞུང་ལུགས་ཅན་དང་། གཅིག་གྱུར་གྱི་ཁྲིད་གཞི་ཡོད་པའི་ངོ་བོར་གྲུབ།༼ དེས་བོད་ཀྱི་སྙན་ངག་ལ་ཚད་བཀག་ཐེབས་པར་བཤད་མཁན་ཡང་ཡོད།༽
དེ་ནས་ལོ་ངོ་བརྒྱ་དང་དྲུག་ཅུ་ལྷག་གི་རྗེས་སུ། ཕྱི་ལོ་༡༤༣༨ ཙམ་ལ་ཞང་ཞུང་ཆོས་དབང་གྲགས་པས་<<རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད་>> བརྩམས་གནང་བ་ནི།<<མེ་ལོང་མ་>> འི་ཕྱི་མོའི་ཚུལ་དུ་སྐྱེས་པ་བླངས་ཤིང་། རིག་ཚན་འདིའི་ཚད་གཞིའི་འོག་བཤད་ན། ཞང་ཆོས་ཀྱི་རཱ་མ་ཎ་འདི་འཕེལ་རྒྱས་ཀྱི་ཡང་རྩེར་སོན་ནས། དེའི་སྒང་ལ་འགྲོ་ས་མེད་པའི་མཐའ་བསྡོམས་གཉིས་ཀ་རེད། དབྱིན་ཇིའི་བཤད་སྟངས་ལྟར་བྱས་ན། པུར་སྒམ་ཁ་ལ་མཐའ་མཇུག་གི་འཛེར་མ་བརྒྱབས་པ་རེད།
དེ་ནས་ཚུར་རྩིས་ན། བོད་ཀྱི་རྩོམ་སྟེགས་གསར་པའི་གསེར་ཁྲིར་མངའ་གསོལ་གནང་མཁན། དཔལ་དོན་འགྲུབ་རྒྱལ་ཚང་གི<< ལང་ཚོའི་རྦབ་ཆུ>> ལ་ཐུག་རག་དབར། ལོ་ངོ་ལྔ་བརྒྱ་ལྷག་ཕྱིན་འདུག་མོད། དུས་ཡུན་འདིར་སྐྱ་ཐིག་གཅིག་གི་ནང་སྐོར་བ་བརྒྱབས་ནས་བསྡད་པ་ལས། འབྲི་སྲོལ་དམིགས་བསལ་གང་ཡང་བྱུང་མེད། དེ་ནས་རང་མོས་སྙན་ངག་བྱུང་བ་(གཏོར་བཤིག་ལས་གསར་གཏོད་མ་རེད་ཟེར་མཁན་ཡང་བྱུང་ཡོད) ནི་སྲོལ་རྒྱུན་གྱི་ཉིང་བཅུད་བསྡུས་ཤིང་། སྲོལ་རྒྱུན་གྱི་དྲ་བ་གཏོར་ནས་འཛམ་གླིང་རྩོམ་རིག་ནང་དཔུང་པ་མཉམ་གཤིབས་ཀྱིས་གསར་བརྗེ་ཅན་ལ་ཕྱོགས་པའི་དཀྱོགས་མཚམས་གལ་ཆེན་ཞིག་རེད།
ལོ་རྒྱུས་ཀྱི་ཚད་བཀག གོང་གསལ་འཕེལ་རིམ་འོག “ལོ་ངོ་དྲུག་བརྒྱ་ལྷག་གི་རིང་ལ་ང་ཚོས་སྙན་ངག་འདི་ས་རྡུལ་གྱིས་མནན་པའི་གླེགས་བམ་དག་གི་ཁྲོད་ནས། གོ་མེད་ཚོར་མེད་དུ་བཞག་པ་མ་གཏོགས། འཕྲིན་ལས་ཀྱི་འཇུག་པ་ཡངས་པའི་ལས་ཀ་སྣ་གཅིག་ཀྱང་བྱས་མེད་”པ་སྤྲེལ་ནག་པས་བརྗོད་པ་ལྟར་ན། མེ་ལོང་མ་དང་དུས་མཉམ་དུ་བོད་ལ་བསྒྱུར་ཟིན་པའི་( ཕྱི་ལ ༡༣༥༤-༡༣༥༥) འཕྲིན་བཟང་མ་འདི་ལ། སྐབས་དེར་མཛད་འཕྲིན་མ་རྒྱས་པ་ནི། གཅིག་ནས་<མེ་ལོང་མ> ས་སྐྱའི་དཔོན་ཚང་གིས་རྩོམ་གཞུང་ངམ། ཁྲིད་གཞིར་གཏན་འབེལ་བྱས་ཟིན་པ་དང་། གཉིས་ནས་འཕྲིན་བཟང་མ་འདི་(ཕྱི་རོལ་བ) འཇིག་རྟེན་པའི་འདོད་གཏམ་འབའ་ཞིག་ཡིན་ཙང་། སྐབས་དེར་ཡི་གེ་བའི་ལས་སྒོ་ཡོད་ཚད་པ་དགོན་སྡེ་གྲྭ་ཚང་གི་སྒེར་གཅོད་བྱས་ཡོད་སྟབས། འཁོར་བར་དམོད་མཁན་གྱི་ཆོས་གཟིགས་པ་ཚོས་འདོད་ཆགས་སྡང་ཟུག་གི་ངོ་བོར་བསྒྱུར་བ་ནི་རྒྱུན་ལྡན་ཡིན་ཙང་། ཁོ་པ་ཚོས་མིག་ལོག་ལྟ་ཐེངས་གཅིག་གིས། འཕྲིན་བཟང་མར་ལོ་རྒྱུས་ཐོག་མཛད་དཀའ་དེ་ལྟར་བྱུང་བ་གསལ་བོ་རེད།
ཕྱི་རྐྱེན་གྱི་ཚད་བཀག:
གཤམ་གྱི་ཚིག་འདི་དག་ནང་ནམ་རྒྱུན་གང་མང་བ་བེད་སྤྱོད་གཏོང་གི་ཡོད། ཁྱེད་ཀྱི་ཨམ་མཆོག་ལ་གང་སྙན་པོ་འདུག དེ་ལ་བོད་ཀྱི་སོན་རྩ་དག་གིས་སེམས་ནས་ལན་བསྐྱོན་གནང་རོགས།
ང་ཁྱེད་ལ་དགའ། 我愛妳! I love you !
ཨ་ཅེ་འབྲོག་མོའི་རྒྱན་ཆར་རང་སྟེང་ན་རིན་ཐང་ཡོད་མེད་མ་ཡིན་པར། མིའི་མཛེས་འཛིན་གྱི་ལྟ་སྟངས་ངོས་ནས་ཟུར་ཕུད་བཏང་ཚར་ན། དེ་ལ་ཁ་གཏད་གཅོད་ཐུབ་མིན་ལ་འཕྲིན་བཟང་མ་གཅིག་པོས་དགོངས་པ་བཞེས་དགོས་པ་ཙམ་མ་རེད། དེ་སྤྱི་ཚོགས་ཤིག་གི་ཁྱོན་ཡོངས་ཀྱི་སྣང་ཚུལ་ཡང་རེད།
ཡང་གཅིག་བཤད་ན། བོད་ཀྱི་སྐད་ཡིག་ཤི་སོང་རུང་། རིགས་འདི་རྣམ་པ་གཞན་ཞིག་གི་ཐོག་ནས་རོ་ལངས་རྒྱག་སྲིད་མོད། བོད་ཀྱི་སྐད་ཡིག་དང་འཕྲིན་བཟང་མའི་བོད་འགྱུར་མ་གཉིས་ལུས་གཅིག་སྲོག་གཅིག་ལ་སོང་། བོད་སྐད་ཤི་ན་འཕྲིན་བཟང་མའང་གྲོངས་རྒྱུ་ཡིན་པ་ཨ་ཅང་ཅང་།
ཡང་སྐད་ཡིག་ཞིག་གི་སྐུ་ཚེ་བརྟན་མིན་དེ་ཡང་། མ་འོངས་ལུང་བསྟན་ལ་རེ་མི་དགོས་པར། གྲངས་འབོར་ཐོག་ནས་མཛུབ་རྩིས་ཐེབས་པ་ཞིག་སྟེ། གཙོ་བོ་སྐད་ཡིག་ཅིག་གི་ནང་
• ཚོང་རར་དོ་དམ་དང་རྩིས་གཤེར།
* ལས་གཞི་བྱུས་བཀོད་དང་ཁྱབ་བསྒྲགས།
* ཁྲལ་བསྡུ་དང་ཁྲིམས་གནོན།
* མཉེན་ཆས་སྒྲིག་སྦྱོར།
• དྲ་རྒྱའི་མ་ལག་གི་སྤྱིར་བཏང་རྒྱུན་ཤེས་སོགས།
ཁྱབ་ཁོངས་འདི་ལྔ་བོའི་ནང་། སྐུ་ཉིད་ནས་ཉི་མ་རེར་བོད་ཡིག་བོད་སྐད་ག་ཚོད་ཅིག་བེད་སྤྱོད་གཏོང་གནང་གི་ཡོད། དེ་ལ་ཁོག་རྩིས་བརྒྱབ་ན་ལན་ནི་རང་གིས་རང་ལ་རྒྱག་ཐུབ་པ་ཞིག་སྟེ། གོང་གསལ་ཁྱབ་ཁུངས་ལྔ་བོའི་ནང་སྐད་ཡིག་གང་རུང་གིས་རྐང་པ་ཚུགས་ཐུབ་ཀྱི་མེད་ན། ངའི་སྐད་ཡིག་ནང་སྙན་ངག་ཡོད། གླུ་དང་ལ་གཞས་ཡོད་ལབ་ན། ཡོད་པར་ཁས་ལེན་སྲིད་མོད། དེ་ནི་ཚེ་སྲོག་ལ་འགན་སྲུང་གང་ཡང་མ་རེད། འཕྲིན་བཟང་མར་ཕྱི་རྐྱེན་གྱི་ཚད་བཀག་འདི་ཡོད་པ་བཤད་མ་དགོས་ཁར།
ནང་རྐྱེན་གྱི་ཚད་བཀག སྙན་ངག་འདིའི་བརྗོད་བྱ་ཕོ་མོའི་བརྩེ་དུང་ཡིན་པ་གང་ཞིག་ལ། བརྩེ་དུང་ལ་འགན་རྐྱེན་ནམ་བར་ཆད་བཟོ་མཁན་ནི། རྗེ་བོ་བཙན་པོས་བཀའ་དང་། རིགས་རུས་མཐོ་དམན། ཡུལ་དབུས་ནས་མཐའ་འཁོབ་ལ་བགྲོད་བའི་ལམ་ཀྱི་དཀའ་སྡུག་སོགས་སྟེ། དེ་རིང་གི་མིའི་འཚོ་བའི་ཁྲོད་ན་དཀའ་ངལ་འདི་དག་གཏན་ནས་མེད་པ་མིན་ཡང་། ན་གཞོན་མང་ཆེ་བའི་འདི་ཚོ་དཀའ་ངལ་ཞིག་ལ་བརྩི་མི་སྲིད་པའི་ཁར། དེང་སྐབས་རྩོམ་རིག་གིས་མི་སེམས་སྔོག་འདོན་བྱེད་སྟངས་དང་། བརྩེ་དུང་ལ་བར་ཆད་བཟོ་མཁན་ཡིན་ན་རེད། དེ་ལས་རྡབ་འགྱུར་གྱི་རྙོག་འཛིང་ཅན་དང་། གསོན་ཉམས་ཅན་ཡིན་པ་བཤད་མ་དགོས་པས་ན། ཚད་བཀག་དེ་ནི་སྙན་ངག་འདི་རང་སྟེང་ནས་ཐག་གཅོད་དགོས་པས་འགལ་རྐྱེན་ཡིན་པ་འདྲ།
གདན་ཐོབ་ཀྱི་ཚད་བཀག འཕྲིན་བཟང་མ་ཡང་ཨ་མ་མེ་ལོང་མ་ནང་བཞིན། མ་འོངས་པར་བོད་ཀྱི་སྙན་ངག་གི་ཕ་ཁྱིམ་ཀྱི་བདག་མོར་བཀུར་དགོས་ཚེ། ‘བཅིངས་གྲོལ་རྗེས་ཀྱི་’ལང་ཚོའི་རྦབ་ཆུའི་དུས་རབས་ལ་འཁྲུངས་ས་བསྐྱོན་དགོས་ཙང་། མནའ་མ་ཨ་མ་ལས་རྒས་མོ་ཆགས་འདུག་ཟེར་མཁན་ཡོད་མདོག་ཁ་བོ་རེད་ལ། སྙན་ངག་འདི་ཡི་མཚོན་ཐབས་ཀྱི་དབང་དུ་བྱས་ན། རྟོག་པ་འཆར་ཡན་པའི་འབྲི་ཐབས་སྦྱར་ནས་སྤྲིན་ལ་སྲོག་ཞུགས་པར་བྱས་བ་སོགས་ནི། སྐབས་ཐོག་དེའི་རྩོམ་རྩལ་གྱི་ཡང་རྩེར་སོན་ཡོད་པར་ཆ་ཞོག གཞན་ལྷད་མེད་པའི་བརྩེ་དུང་ལ་བསྔགས་པ་དང་། ཡིད་སྣང་དང་ཁོར་ཡུག་ཞིབ་འབྲི་བྱེད་ཐབས་སོགས་ལ་གཏན་དུ་འཆི་བ་མེད་པའི་བླ་སྲོག་ཞུགས་ཡོད་པ་ལོས་ཀྱང་ཡིན། འོན་ཀྱང་། འབྲི་ཐབས་འདི་དང་འགྱུར་རྩལ་འདི་ཅན་པོ། དེ་རིང་བོད་ཀྱི་རྩོམ་སྟེགས་སུ་ཆད་པ་ཁ་བསྐོང་དགོས་པའི་ཚད་རེད་དང་མ་རེད། ཡང་ན་འཕྲིན་བཟང་མ་ཡིན་ན་རེད། མེ་ལོང་མ་ཡིན་ན་རེད། ད་དུང་ཚད་གཞིའི་ནང་ལྟར་བོད་ཀྱི་སྙན་ངག་དར་སྤེལ་གཏོང་དགོས་ན། དེ་ནི་ཕྱིར་གཤོལ་དང་མདུན་སྐྱོད་གང་ཡིན་དྲི་བ་མ་དགོས་པ་ཞིག་ཡིན་ཙང་། གནད་དོན་འདི་དག་ང་ཚོས་འབྱུང་འགྱུར་རྩོམ་སྟེགས་ཐོགཁོང་མོར་ཐོབ་འོས་གདན་ཐོབ་བམ(Position) ག་འདྲ་ཞིག་འབུལ་ཐུབ་མིན་གྱི་ཚད་བཀག་ལ་གཞི་འཛིན་ས་རེད།
བརྒྱད་པ། སེམས་ལྷོད་ལ་བབས་པ།
དད་པ་ཅན་ཚོས་དད་པ་ཅན་ཚོར་སྒྲུང་གི་བཟོ་འདྲ་བོ་བྱས་ནས་ཁྱེར་ཡོང་བའི་རྒྱ་གཞུང་བོད་འགྱུར་མ་དག་གི་སྤུས་ཚད་ཐད། བསྡུར་དཔྱད་ཚད་ལྡན་བྱས་པ་དེ་འདྲ་སྔོན་ཆོད་མཐོང་ཡང་མ་སོང་ལ། རང་ཉིན་ནི་དད་རྟེན་ཡིན་ཕྱིན་དད་པས་ལོངས་སོང་ན། དེའི་ཐོག་ལ་སྤུས་ཚད་དགོས་པའི་ཆ་རྐྱེན་དེ་ཁག་པོ་རེད་བསམ་མཁན་ཞིག་ཡིན། ད་ཐེངས་<སྤྲིན་གྱི་ཕོ་ཉ> མའི་བོད་འགྱུར་འདི་ལ་རྒན་སྤྲེལ་ནག་པ་དང་། ཁོང་གི་ཕྱག་རོགས་རྡོ་རྗེ་སྐྱབས་རྣམ་པ་གཉིས་ཀྱིས། ལེགས་སྤྱར་ནང་ཡོད་(མ་རྩོམ་མ་རེད)པའི་ཁུངས་བཙུན་གྱི་རྩོམ་ཡིག་ཁག་གཞིར་བཞགས་ཐོག་ཞིབ་བསྡུར་བྱས་ནས། ལེགས་སྦྱར་མ་དེའི་ནང་གང་ཐེབས་པའི་ས་མིང་དང་ཆུ་མིང་། གྲོང་དང་གྲོང་ཁྱེར་ཁག་གི་མིང་ལ་སོགས་ཐོད་གཏུགས་ཡོང་དུས། འོ་འགྲིག་འདུག་ཡ་བསམ་བསམ་ཞིག་རེད། ད་དུང་དབྱིན་འགྱུར་དང་། རྒྱ་འགྱུར་སོགས་ལ་ཡང་ཕན་ཚུན་འགྱུར་བསྡུར་འདུག་ན། གཞི་རྩའི་ཆ་ནས་བོད་འགྱུར་གྱིས་ཞབས་འདྲེན་ཞུས་མེད་ཙང་། ང་རང་རང་བཞིན་གྱིས་ལྷོད་ལྷོད་འདྲ་ཞིག་ཆགས་སོང་།
དེ་ན་ང་ལ་ཡིད་ཆེས་འདི་སྐྲུན་མཁན་གྲོགས་པོ་རྣམ་གཉིས་ལ་བཀའ་དྲིན་མ་ཞུས་གོང་། གསལ་བཤད་འཁྱུག་ཙམ་ཞུས་ན། ཁོ་བོ་རྒྱ་གཞུང་བོད་འགྱུར་མ་ཚོར་ཡིད་ཆེས་ཅུང་སླེབས་སོང་ཞེས་པ་ནི། ཟབ་ཅིང་རྒྱ་ཆེ་བར་བཤད་པའི་༼ནང་ཆོས༽ལ་གོ་མི་རུང་། ང་དེ་ལ་ཡིད་ཆེས་སླེབས་རྒྱུའི་ཤེས་ཚད་དང་། དགོས་མཁོ་གཉིས་ཀ་མེད། ང་ལ་ཡིད་ཆེས་ཅུང་སླེབས་ས་ནི་ངའི་ཡབ་མེས་དག་གི་སྙིང་རུས་དང་། ཁོང་ཚོའི་ལས་ཀའི་སྤུས་ཚད་ཡིན།
དགུ་བ། ཤི་མ་རན་པའི་སྒྲུབ་བྱེད།
མགོ་འདིའི་ཚོད་ཀྱི་ལྷུང་བཟེད་ཅིག་གི་སྐལ་བ་ང་ཅན་པོར་མེད་མོད། འཇིང་པའི་ཚོད་ཀྱི་ལྕེབས་ཐག་ཅིག་གྲ་སྒྲིག་གིས། སྔ་སང་སང་ནས་བྱང་ཆུབ་ཤིང་གི་དྲུང་ལ་འགྲོ་ཐུབ་ན་བསམ་བསྡད་ཡོད། རྒྱུ་མཚན། ད་ལྟའི་སྐབས་འདིར“འཛམ་པོའི་གླིང་གི་རིག་པའི་གནས་དང་། ཤེས་བྱ་ཡོན་ཏན་ཚང་མ་ཕྱོགས་གཅིག་ལ་བསྡོམས་ན<ཤེར་རབ་སྙིང་པོ> གཅིག་པོའི་ཁ་གཏད་མི་ཆོད་པ “ (༢)ཡང་གསུངས་ཟིན་པར་བརྟེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤར་མོ་གང་བོ་འདི་ག་ས་གང་ན། ༧དཔལ་ཎ་ལེན་ཊའི་ཤེས་རིག་བསྐྱར་གསོ་བྱ་ཆེད་རྔ་རྡུང་དར་འཕྱར་གྱིས་དམག་ལ་བུད་བསྡད་ཡོད་ཙང་། དུས་ཚོད་འདི་འདྲར་འཕྲིན་བཟང་མ་འདི་ཡིས་ང་ལ་གཉིད་སྨན་ཞིམ་པོ་ཞིག་གི་གོ་ཆོད་སོང་བ་མ་ཟད། དེབ་དེའི་གླེང་བརྗོད་ནང་རྒན་སྤྲེལ་ནག་པ་དང་། སྐུ་ཞབས་རྡོ་རྗེ་སྐྱབས་རྣམ་པ་གཉིས་ཀྱིས“ ་་་ནག་མོ་ཁོལ་གྱི་བརྩམས་ཆོས་སྤྱི་དང་། ཁྱད་པར་དུ་སྤྲིན་གྱི་ཕོ་ཉར་ཆེད་དུ་ཞིབ་འཇུག གཞན་ཡང་ལེགས་སྦྱར་ན་བཞུགས་པའི་མ་ཡིག་དང་། བསྟན་འགྱུར་ཁྲོད་ཀྱི་བོད་འགྱུར་གྱི་པར་རྩ་རྣམས་ཀྱང་ཕན་ཚུན་གཤིབ་བསྡུར་གྱིས། མ་དག་རྒྱུན་འབྱམས་སུ་སོང་རིགས་ལ་དག་བསལ་བྱེད་དགོས་ངེས་ཀྱི་ཀུན་སློང་ཡོད་པ་་་་”སོགས་ལ་མཇལ་སྐབས། ང་ཡང་ད་དུང་འཆི་རན་རེད་མི་འདུག་བསམ་ནས་སེམས་ཤུགས་འདྲ་ཞིག་འཕར་སོང་ལ། མི་རིགས་འདིའི་སྤྱི་མཐུན་གྱི་བསོད་གཏོས་སྐམ་བསྡད་ཡོད་དུས། ཁྱེད་གཉིས་ཀྱིས་བསམ་པ་བཞིན་དུ་འགྲུབ་དཀའ་ཡང་། ལས་གཞི་འདི་ཚོ་མི་རིགས་ཤིག་གི་ཤེས་རིག་བསྐྱར་དར་རམ། ཤེས་རིག་ཕྱིར་བརྡོལ་གྱི་ལམ་ནས་མདུན་དུ་བསྐྱོད་པར་ལམ་ཁ་འདི་མ་གཏོགས་མེད་ཙང་། དེ་འདྲའི་ཀུན་སློང་དང་ངོས་འཛིན་ཙམ་ཡང་ང་ཚོ་མི་ཐོག་འདིའི་སྤོབས་པ་དང་། ཕྱི་རབས་གཏམ་ཀྱི་ཤུལ་འཇོག་གལ་ཆེན་ཞིག་རེད།
བཅུ་བ། མཐར་འཕྲལ་ཡུན་གཉིས་ཀྱི་འགྱིངས་རོགས་ལ་བསྔོ་བ།
ལོ་སར་སྔ་ས་ནས་རྫོགས་སོང་ལ། ད་ནི་ཀློག་བྱང་འདི་ཡང་འབྲི་མཚམས་འཇོག་རན་འདུག སྐད་ཆ་རྡོག་རྡོག་པོ་བཤད་ན། ངེད་ཚང་གི་ད་ལོའི་ལོ་སར་འདི་མ་བསམ་ས་ནས་གྱ་ནོམ་པ་བྱུང་སོང་། རྒན་སྤྲེལ་ནག་པ་དང་ནག་མོ་ཁོལ་གཉིས་མགྲོན་གྱི་གཙོ་བོར་ཞུས་ཤིང་། རྡོ་རྗེ་སྐྱབས་དང་བྱང་ཆུབ་རྩེ་མོ་རྣམ་གཉིས་ལེགས་སྦྱར་སྐད་ཀྱི་གྲལ་མགོར་བཞུགས་སུ་གསོལ། ངས་ཁོང་ཚོར་<ལང་ཚོའི་རྦབ་ཆུ>བཞིན། ཤ་ཆང་དང་སྙན་ངག་གིས་མགྲོན་བསུ་བྱས་པ་མ་ཟད། འདུ་ར་འདིར་ཀུན་ལས་ཀྱང་གལ་ཆེ་བ་ནི། ཞལ་ཏ་མ་དེ་གཉིས་ཡིན། ཁོང་གཉིས་ནི་མཛངས་མ་<མེ་ལོང་མ> དང་མཛངས་མ་<འཕྲིན་བཟང་མ> གཉིས་རེད།
ལྷན་འཛོམས་འདི་གྲོལ་ཁར། ངས་སྤྲེལ་ནག་པ་དང་། རྡོ་རྗེ་སྐྱབས་གཉིས་ལ། ལེགས་སྦྱར་ནང་བཞུགས་པའི་<འཕྲིན་བཟང་མ> འདི་ཁྱེད་གཉིས་ནས་ཆ་ཚང་ཞིག་བསྐྱར་དུ་བསྒྱུར་གནང་རྒྱུར་རྩོམ་སྐུལ་ཞུས། ནག་མོ་ཁོལ་གྱིས་ཀྱང་དེ་ལུགས་བསྒྱུར་ཆོག་པའི་ཆོག་མཆན་གནང་སོང་བར་མ་ཟད། ཁོང་གིས་ནན་ཏན་གྱིས་གསུང་གསལ། “མ་འོངས་པར་ངའི་རྩོམ་འདི་བོད་ཡིག་ཐོག་བསྐྱར་བསྒྱུར་གནང་སྐབས། བོད་ཀྱི་གླུ་བ་བདུད་བྷེ་ཡིས་རྡུང་ལེན་ནང་ལེན་ས་འགྲོ་ནི་ཞིག བཙན་བྱོལ་ནང་ལས་འགུལ་བ་བསྟན་རྡོར་གྱིས་རོགས་མཐུན་ནང་གཏོང་ས་འགྲོ་ནི་ཞིག ན་གཞོན་གསར་བ་ཚོ་འཕུར་གི་ཡིན་ཟེར་ན། དེ་དང་ཆབ་ཅིག་འཕུར་ས་འགྲོ་ནི་ཞིག་བཟོ་རོགས། རབ་བྱུང་ན། དྷོ་ལ་དང་གནམ་ལྷ་གཉིས་ལ་རི་བོང་ཁ་ཤོ་དང་། ཨ་མ་དྲེད་མོང་གི་སྒྲུང་བཤད་བཤད་བྱས་ན་ཕྲུ་གུ་ཚོས་ཀྱང་གོ་ཐུབ་པ་ཞིག་བཟོ་རོགས། ཨ་དྲིན་ཅན་ཚོ- ད་ནས་བཟུང་ང་ལ་ཡི་གེ་བ་དག་གི་ལོག་སྐད་དེ་ཅིག་མི་དགོས། ངས་མ་རྩོམ་ཡང་དེ་ལྟར་བྲིས་མེད” ཞེས་གསུང་ཞོར། འཁྲིས་ན་བཞུགས་ཡོད་པའི་བྱང་ཆུབ་རྩེ་མོའི་གདོང་བར་ལྟ་ཙམ་བྱས་སོང་།
རེད་དེ། བྱང་ཆུབ་རྩེ་མོ་ལ་སྣང་དོགས་གང་ཡང་མི་འདུག ཁོང་ནི་མི་ཁོག་རྒྱ་ཅན་ཞིག་རེད། མཇུག་བསྡོམ་གཏམ་བཤད་རྒན་སྤྲེལ་ནག་པས་གནང་། ཁོང་གི་བཀའ་མོལ་མདོར་བསྡུས་ན །། མཁས་པ་མཁས་པའི་གྲལ་ལ་མཛེས།། བླུན་པོའི་གྲལ་ལ་མཁས་མི་མཛེས།། ཞེས་པ་དེ་རེད། འདིར་ཡང་ཅིག་ཆད་འདུག ངེད་ཅག་ཁྲོད་ཀྱི་ལོ་ན་ཆུང་ཤོས་རྡོ་རྗེ་སྐྱབས་ཡིན་སྟངས། ན་གཞོན་ཤེས་ཡོན་ཅན་ཁོང་ཚང་མས་སྤྱི་མོས་ཀྱིས་ཚོགས་དྲུང་ལ་བདམས་པ་དང་། ཁོང་གིས་ལེགས་སྦྱར་གྱི་ལོ་ཙཱ་གནང་ཞོར། ལས་ཉིན་རིང་གི་ཚིག་ཐོར་བཀོད་མཁན་ཡང་རྡོ་རྗེ་སྐྱབས་ཡིན།
མཐའ་དོན། འཕྲིན་བཟང་མའི་མཇུག་བྱང་དུ། རྒན་སྤྲེལ་ནག་པས་ “དཔའ་སྤོབས་རི་རབ་ལས་ལྷག་པ་ཞིག་གི་ཁེངས་ནས་འགྱིངས་བསྡད་ཡོད་” པའི་ཉམས་ཀྱིས་མཚམས་བཞག་འདུག་པ་བཞིན། ངས་ཀྱང་འགྱིངས་སྟབས་དེ་ལ་ལད་མོ་བྱས་ནས་མཐའ་བསྡོམས་རྒྱབ་ཡོད། ཁོ་བོ་ཤེས་ཡོན་གྱི་མཛད་རྗེས་ཆ་ནས་རྣམ་པ་ཚོའི་འགྱིངས་རོགས་མི་ཡོང་རུང་། གང་ཐུབ་ཐུབ་ལྷན་རྒྱས་ལ་ཕུགས་བསམ་ཀྱི་འགྱིངས་རོགས་བྱ་ཆོག །།
ཕྱི་ལོ་༢༠༢༠ ཟླ་༤ ཚེས་༡༨ བཟང་པོར་མཐའ་མའི་གཏན་འབེབས་བྱས།
ཟུར་མཆན:
(༡) ཡེ་ཤུས་ཞལ་འཆར་ཕྱི་མ་ནས་དྲངས།
( ༣) རླབས་ཆེན་གྱི་བསམ་བློ་བ་ལས་དྲངས།
(༢) ཟམ་གདོང་ཚང་གི་སྐད་ཆ། ཡོང་ཁུངས་དྲ་ཐོག
དཔྱད་ཁུངས་མང་ཆེ་བ་ wikipedia ནང་འཚོལ་ཞིབ་བྱས་པ་མ་གཏོགས། ཆེད་དམིགས་ཞིབ་འཇུག་བྱས་མེད་པ་ཐུགས་འཇག་འཚལ།