འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་ངོ་དེབ་སོགས་བཀག་འགོག་བྱས་འདུག
འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་ཀྱི་སྲིད་དབང་དེ་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་སྲིད་གཞུང་ནས་བཙན་འཕྲོག་བྱས་རྗེས། དམག་གི་སྲིད་གཞུང་ལ་མི་མང་ནས་གྱེན་ལངས་སོགས་མི་ཡོང་བའི་ཆེད་དུ་ངོ་དེབ་གཙོས་པའི་སྤྱི་ཚོགས་དྲ་ལམ་ཁག་ཅིག་བཀག་འགོག་བྱས་འདུག
ཟླ་༢ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༤ ཉིན་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས། ད་ལྟའི་ཆར་རྒྱལ་ཁབ་ཀྱི་བརྟན་ལྷིང་དཀྲུག་མཁན་མི་དག་གིས། ངོ་དེབ་བརྒྱུད་ནས་གནས་ཚུལ་རྫུན་མ་བཀྲམས་ནས་མི་མང་ལ་གོ་བ་ལོག་པ་ཐེབས་བཅུག་གི་ཡོད་སྐོར་བརྗོད་ནས། ཟླ་༢ པའི་ཚེས་༧ བར་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་ཁག་ཅིག་བཀག་འགོག་འོག་གནས་རྒྱུ་ཡིན་སྐོར་བསྒྲགས་འདུག
རྒྱལ་སྤྱིའི་ནང་དྲ་ཐོག་ཞབས་ཞུ་རྟོག་ཞིབ་བྱེད་མཁན་ལས་ཁང་(NetBlocks) གིས་བརྗོད་དོན་ལྟར་ན། ཐོག་མར་འབར་མའི་ནང་གཞུང་གི་བདག་དབང་འོག་ཡོད་པའི་དྲ་རྒྱ་མཁོ་སྤྲོད་ལས་ཁང་གིས་ངོ་དེབ་དང་། ཨན་སིཌ་གྷེ་རམ། ངོ་དེབ་འཕྲིན་ཐུང་། ཝ་ཚབ་བཅས་བཀག་འགོག་བྱས་ཡོད་ཀྱང་། ད་ལྟའི་ཆར་དྲ་རྒྱ་མཁོ་སྤྲོད་བྱེད་མཁན་སྒེར་གྱི་ཚོང་ལས་ཁང་ཚོས་ཀྱང་སྤྱི་ཚོགས་དྲ་ལམ་དེ་དག་བཀག་འགོག་བྱེད་བཞིན་ཡོད་པས། དམག་གི་སྒྲིག་འཛུགས་ཀྱི་བཀག་འགོག་གི་བཀའ་ལ་བརྩི་བཞིན་པ་གསལ་པོ་ཡིན་སྐོར་དང་། མི་མང་གིས་ཝི་པི་ཨན་(VPN) བེད་སྤྱད་ནས་གནས་ཚུལ་བལྟ་ཀློག་བྱེད་བཞིན་ཡོད་སྐོར་བརྗོད་འདུག
དེ་ཡང་འབར་མའི་མི་འབོར་ས་ཡ་༥༣ ཁོངས་ནས་མི་འབོར་ཕྱེད་ཀ་ལྷག་གིས་ངོ་དེབ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེ་ཡང་གནས་ཚུལ་བལྟ་ཀློག འབྲེལ་ལམ། ཚོང་ལས་སོགས་ཀྱི་ཆེད་དུ་ངོ་དེབ་བཀོལ་སྤྱོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག ཐེངས་འདིར་དམག་གི་སྒྲིག་འཛུགས་ཀྱིས་གཞུང་གི་སྲིད་དབང་བཙན་འཕྲོག་བྱས་རྗེས། མི་མང་གིས་ངོ་དེབ་བརྒྱུད་ནས་དམག་གི་སྒྲིག་འཛུགས་ལ་ངོ་རྒོལ་བརྙན་ཐུང་དང་ལས་འགུལ་སོགས་ཁྱབ་སྤེལ་བྱེད་ཡུལ་གྱི་སྡིངས་ཆ་གཙོ་བོ་དེ་ཆགས་འདུག་པས། ངོ་དེབ་སོགས་བཀག་འགོག་བྱས་ཡོད་ཀྱང་། སྤྱི་ཚོགས་དྲ་ལམ་ཊེའུ་ཊར་བཀག་འགོག་བྱས་མེད་པས། དྲ་ཐོག་དེར་དམག་གི་སྒྲིག་འཛུགས་ལ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་འདུག
དེ་ཡང་ལོ་སྔོན་མའི་ཟླ་༡༡ པའི་ནང་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་སྲིད་དབང་སྒེར་འཛིན་མཇུག་བསྒྲིལ་བའི་རྗེས་ཀྱི་གྲོས་ཚོགས་འོས་བསྡུ་ཐེངས་༢ པ་དེ་བྱས་ཡོད་པ་དང་། གྲུབ་དོན་དུ་ལྕམ་ཨང་སན་སུ་ཅི་ཡི་སྲིད་དོན་ཚོགས་པ་རྒྱལ་ཡོངས་མང་གཙོ་མཐུན་ཚོགས་ལ་འོས་གྲངས་བརྒྱ་ཆ་༨༣ ཐོབ་ནས་གཞུང་འཛིན་ཆོག་པའི་རྐུབ་སྟེགས་ཀྱི་གྲངས་ལས་བརྒལ་ཡོད་པས། རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། འོན་ཀྱང་དམག་གི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་གི་རྐུབ་སྟེགས་༤༧༦ ནས་༣༣ མ་གཏོགས་ཐོབ་མེད་པས། དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དེ་དྲང་བདེན་བྱུང་མེད་པ་དང་འོས་ཤོག་བརྐུས་ཡོད་པའི་ཉེས་འཛུགས་བྱས་ནས། ཟླ་༢ པའི་ཚེས་༡ ཉིན་གྱི་ཞོགས་པ་སྔ་པོ་ནས་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས། རྒྱལ་ཁབ་དེའི་འགོ་ཁྲིད་ལྕམ་ཨན་སང་སུ་ཅི་དང་དེ་བཞིན་སྲིད་འཛིན། བློན་ཆེན་རྣམས་གཙོས་པའི་མངའ་སྡེ་ཁག་ཅིག་གི་སྤྱི་ཁྱབ་བློན་ཆེན། དེ་བཞིན་སྲིད་དོན་ལས་འགུལ་བ་སོགས་མང་པོ་ཞིག་བཙན་བཟུང་བཀག་ཉར་བྱས་འདུག་པ་དང་། དེ་རྗེས་དམག་གི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཐོག་ཏུ། ཉེ་ཆར་གྱི་གྲོས་ཚོགས་འོས་བསྡུ་དེ་དྲང་བདེན་བྱུང་མེད་པས། དམག་གི་སྒྲིག་འཛུགས་ཀྱིས་སྲིད་དབང་དམག་དཔོན་(Min Aung Hlaing) ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་པ། དེ་བཞིན་ལོ་གཅིག་རིང་རྒྱལ་ཁབ་ནང་ཛ་དྲག་བཀའ་ཁྱབ་བཏང་ཡོད་སྐོར་གསལ་བསྒྲགས་སྤེལ་འདུག རྒྱལ་སྤྱིའི་ནང་སྲིད་དབང་བཙན་འཕྲོག་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག་པ་དང་། མང་ཚོགས་ནང་རྒྱལ་ཁབ་དེའི་ནང་གནས་སྟངས་ཛ་དྲག་ཆགས་རྒྱུ་ཡིན་པའི་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ་ཚོགས་འདུ་ཞིག་བསྐོངས་ནས་འབར་མའི་ཛ་དྲག་གི་གནས་སྟངས་སྐོར་ལ་གྲོས་བསྡུར་དང་། འབར་མའི་དམག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་པའི་བསྒྲགས་གཏམ་ཞིག་སྤེལ་བའི་སྟ་གོན་བྱས་ན་ཡང་། རྒྱ་ནག་གིས་དེ་ལ་མོས་མཐུན་དང་རྒྱབ་སྐྱོར་མ་བྱས་སྟབས་ལས་དོན་ལ་གྲུབ་འབྲས་ཐོན་མེད་འདུག
འབར་མའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་དེའི་ནང་དུ་མི་མང་ཕྱི་རུ་ཐོན་ནས་ལམ་གཞུང་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག་པ་དང་། རྗེས་སུ་ཉེན་རྟོག་པ་སླེབས་ནས་བཀག་འགོག་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།