འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་སྲིད་དབང་བཙན་འཕྲོག་བྱས་འདུག

འོས་བསྡུར་ཕམ་ཁ་བྱུང་རྗེས་འོས་བསྡུ་དྲང་བདེན་བྱུང་མེད་སྐོར་བརྗོད་ནས། འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་གཞུང་གི་འགོ་ཁྲིད་རྣམས་བཙན་བཟུང་བྱས་པ་དང་སྦྲགས། གཞུང་གི་སྲིད་དབང་དམག་དཔོན་ལ་རྩིས་སྤྲད་ཟིན་སྐོར་བརྗོད་འདུག 

ཟླ་༢ པའི་ཚེས་༡ ཉིན་གྱི་ཞོགས་པ་སྔ་པོ་ནས་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས། རྒྱལ་ཁབ་དེའི་འགོ་ཁྲིད་ལྕམ་ཨན་སང་སུ་ཅི་དང་དེ་བཞིན་སྲིད་འཛིན། བློན་ཆེན་རྣམས་གཙོས་པའི་མངའ་སྡེ་ཁག་ཅིག་གི་སྤྱི་ཁྱབ་བློན་ཆེན། དེ་བཞིན་སྲིད་དོན་ལས་འགུལ་བ་སོགས་མང་པོ་ཞིག་བཙན་བཟུང་བཀག་ཉར་བྱས་འདུག་པ་དང་། དེ་རྗེས་དམག་གི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཐོག་ཏུ། ཉེ་ཆར་གྱི་གྲོས་ཚོགས་འོས་བསྡུ་དེ་དྲང་བདེན་བྱུང་མེད་པས། དམག་གི་སྒྲིག་འཛུགས་ཀྱིས་སྲིད་དབང་དམག་དཔོན་(Min Aung Hlaing) ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་པ། དེ་བཞིན་ལོ་གཅིག་རིང་རྒྱལ་ཁབ་ནང་ཛ་དྲག་བཀའ་ཁྱབ་བཏང་ཡོད་སྐོར་གསལ་བསྒྲགས་སྤེལ་འདུག་པས། རྒྱལ་སྤྱིའི་ནང་སྲིད་དབང་བཙན་འཕྲོག་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག་པ་དང་། མང་ཚོགས་ནང་རྒྱལ་ཁབ་དེའི་ནང་གནས་སྟངས་ཛ་དྲག་ཆགས་རྒྱུ་ཡིན་པའི་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག 

དེ་ཡང་ལོ་སྔོན་མའི་ཟླ་༡༡ པའི་ནང་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་སྲིད་དབང་སྒེར་འཛིན་མཇུག་བསྒྲིལ་བའི་རྗེས་ཀྱི་གྲོས་ཚོགས་འོས་བསྡུ་ཐེངས་༢ པ་དེ་བྱས་ཡོད་པ་དང་། གྲུབ་དོན་དུ་ལྕམ་ཨང་སན་སུ་ཅི་ཡི་སྲིད་དོན་ཚོགས་པ་རྒྱལ་ཡོངས་མང་གཙོ་མཐུན་ཚོགས་ལ་འོས་གྲངས་བརྒྱ་ཆ་༨༣ ཐོབ་ནས་གཞུང་འཛིན་ཆོག་པའི་རྐུབ་སྟེགས་ཀྱི་གྲངས་ལས་བརྒལ་ཡོད་པས། རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། འོན་ཀྱང་དམག་གི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་གི་རྐུབ་སྟེགས་༤༧༦ ནས་༣༣ མ་གཏོགས་ཐོབ་མེད་པས། དམག་གི་སྒྲིག་འཛུགས་ཀྱིས་འོས་བསྡུ་དེ་དྲང་བདེན་བྱུང་མེད་པ་དང་འོས་ཤོག་བརྐུས་ཡོད་པའི་ཉེས་འཛུགས་བྱས་འདུག་ཀྱང་། འོས་བསྡུ་ལས་ཁང་གིས་ཉེས་འཛུགས་དེ་ནི་དཔང་རྟགས་མེད་པའི་ཉེས་འཛུགས་ཡིན་པར་བསྒྲགས་ནས་ཁས་ལེན་བྱས་མེད་འདུག 

དམག་གི་སྒྲིག་འཛུགས་ཀྱིས་ཉེས་འཛུགས་དེ་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུག་ཀྱང་བྱས་ཡོད་འདུག་ལ། 

འབར་མའི་ནང་དུ་དྲ་རྒྱ་དང་ཁ་པར་གྱི་བརྡ་རྟགས་ཤུགས་ཚད་དམའ་རུ་བཏང་ཡོད་འདུག་པས། བརྙན་འཕྲིན་བརྒྱུད་ལམ་ཚོས་གསར་འགྱུར་ལེ་ཚན་ཕྱིར་འཐེན་བྱས་ཡོད་འདུག མི་མང་ཚོས་རྒྱལ་ཁབ་དེའི་ནང་ཛ་དྲག་གནས་སྟངས་ཆགས་རྒྱུ་ཡིན་པར་སེམས་འཚབ་ཆེན་པོ་བྱེད་བཞིན་འདུག དེ་བཞིན་ས་གནས་ཁག་ཅིག་ཏུ་ལྕམ་ཨང་སན་སུ་ཅིའི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་སྟོན་ཆེད་དུ། སྲིད་དོན་ཚོགས་པའི་དར་ཆ་ཁང་ཐོག་ཏུ་བཙུགས་མཁན་ཡང་ཡོད་འདུག 

ཨ་རི་གཞུང་གིས་བསྒྲགས་གཏམ་སྤེལ་བའི་ནང་། ཨ་རིས་ཉེ་ཆར་འབར་མའི་འོས་བསྡུའི་གྲུབ་དོན་དེ་འགྱུར་བ་གཏོང་ཐབས་དང་། འབར་མའི་མང་གཙོ་འཕེལ་རིམ་ལ་གེགས་བྱེད་པའི་བྱ་སྤྱོད་རིགས་ལ་དགག་བྱ་ཡོད་པ་དང་། གལ་ཏེ་བྱ་སྤྱོད་དེ་རིགས་ཕྱིར་འཐེན་མ་བྱས་ཚེ་འབྲེལ་ཡོད་འགན་ཁུར་བ་རྣམས་ལ་ཁ་གཏད་ཀྱིས་བྱ་སྤྱོད་སྤེལ་རྒྱུ་ཡིན་པ། གནས་སྟངས་ལ་ཞིབ་ཏུ་དོ་སྣང་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཌོ་ནི་བྷི་ལི་ཀེན་གྱིས་བཙན་བཟུང་བྱས་པའི་གཞུང་གི་འགོ་ཁྲིད་དང་། སྤྱི་དམངས་ཚོགས་སྡེ་ཁག་གི་འགོ་ཁྲིད་ཆ་ཚང་གློད་གྲོལ་གཏོང་དགོས་པ་དང་། ཨ་རིས་འབར་མའི་མི་མང་གི་མང་གཙོ་དང་རང་དབང་། ཞི་བདེ། འཕེལ་རྒྱས་སོགས་ཀྱི་ཐོག་ཏུ་ཡོད་པའི་འདུན་པར་རྒྱབ་སྐྱོར་ཡོད་པ། འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་བ་རྣམས་ཕྱིར་འཐེན་བྱེད་དགོས་སྐོར་བརྗོད་འདུག 

དེ་བཞིན་མཉམ་འབྲེལ་རྒྱལ་ཁབ་དང་། ཨོ་སི་ཀྲོ་ལི་ཡ། རྒྱ་གར། སིང་གྷ་པུར་སོགས་རྒྱལ་ཁབ་མང་པོ་ཞིག་གིས་འབར་མའི་ནང་གི་གནས་སྟངས་དེར་སེམས་འཚབ་ཡོད་པ་དང་། རྒྱལ་ཁབ་དེའི་མང་གཙོ་འཕེལ་རིམ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག 

འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་རུང་གྷེ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་མང་པོ་དམར་གསོད་བཏང་བའི་དོན་རྐྱེན་དང་འབྲེལ་ནས། འབར་མའི་དམག་གི་དཔོན་པོ་དེར་ཨ་རིའི་དཔལ་འབྱོར་དང་འགྲུལ་བཞུད་སོགས་ཀྱི་ཉེས་ཆད་དེ་སྔོན་ནས་བཏང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།