འབར་མའི་ནང་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་འདུག 

རྒྱལ་སྤྱིའི་ནང་འབར་མའི་དམག་གི་སྒྲིག་འཛུགས་ཀྱི་སྲིད་དབང་བཙན་འཕྲོག་གི་བྱེད་ལས་ལ་སྐྱོན་བརྗོད་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། མི་མང་སྟོང་ཕྲག་མང་པོ་ཕྱི་ལ་ཐོན་ནས་དམག་གི་སྒྲིག་འཛུགས་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག 

ཟླ་༢ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༧ ཉིན་འབར་མའི་གྲོང་ཁྱེར་ཆེ་ཤོས་ཡཱན་གྷོན་དང་གཞན་གྲོང་ཁྱེར་༡༢ ལྷག་གི་ནང་དུ། མི་མང་སྟོང་ཕྲག་མང་པོས་དམག་མིའི་དྲག་སྤྱོད་ཀྱི་ཉེན་ཁར་མ་འཛེམས་པར་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། རྒྱལ་སྤྱིའི་ནང་དང་འབར་མའི་དམག་མིས་ཀྱང་མི་མང་ངོ་རྒོལ་བ་དམར་གསོད་གཏོང་སྲིད་པའི་ཞེད་སྣང་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་ངོ་རྒོལ་བ་ཚོས་ང་ཚོར་དམག་གི་དབང་ཆ་གཅིག་སྡུད་རིང་ལུགས་མི་དགོས། ང་ཚོར་མང་གཙོ་དགོས་ཞེས་པའི་འབོད་སྒྲ་བསྒྲགས་འདུག་པ་དང་། བཀག་ཉར་འོག་ཡོད་པའི་འབར་མའི་འདེམས་ཐོན་འགོ་ཁྲིད་ལྕམ་ཨང་སན་སུ་ཅི་སོགས་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག ཉིན་དེར་དྲ་ལམ་བསྐྱར་གསོ་བྱས་འདུག་ཀྱང་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་རྣམས་མུ་མཐུད་ནས་བཀག་འགོག་འོག་ཡོད་འདུག་པས་བེད་སྤྱོད་བྱེད་རྒྱུ་མེད་འདུག འབར་མའི་གྲོང་ཁྱེར་ཆེ་ཤོས་ཡཱང་གྷོ་ནང་དུ་ཚེས་༦ ཉིན་ཡང་ངོ་རྒོལ་ལས་འགུལ་སྤེལ་འདུག་པས། ཉིན་གཉིས་བསྟུད་མར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་འདུག 

དེ་ཡང་གྲོང་ཁྱེར་ཡཱན་གྷོ་ནང་དུ་ངོ་རྒོལ་བ་ཚོས་སྟོད་ཐུང་དམར་པོ་གྱོན་པ་དང་ལག་ཏུ་ལྒང་ཕུག་དམར་པོ་ཁྱེར་ནས་ལས་འགུལ་སྤེལ་འདུག་པ་དང། དེ་ཡང་ཚོན་མདོག་དམར་པོ་ནི་ལྕམ་ཨང་སན་སུ་ཅིའི་སྲིད་དོན་ཚོགས་པའི་མཚོན་མདོག་ཡིན་འདུག དེ་བཞིན་མཛུབ་མོ་གསུམ་གནམ་ལ་བསྟན་ནས་དབང་ཆ་གཅིག་སྡུད་རིང་ལུགས་པར་ངོ་རྒོལ་གྱི་རྣམ་པ་བསྟན་འདུག དེ་ཡང་ཐེངས་འདིའི་ངོ་རྒོལ་ལས་འགུལ་དེ་ནི་ད་བར་ཕྱི་ལོ་༢༠༠༧ ལོ་རྗེས་ཀྱི་ངོ་རྒོལ་ལས་འགུལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག དེ་ཡང་༢༠༠༧ ལོར་རྒྱལ་ཁབ་དེའི་གྲྭ་བ་སྟོང་ཕྲག་པོས་དམག་གི་སྒྲིག་འཛུགས་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། 

ངོ་རྒོལ་བ་ཞིག་གིས་དམག་གི་དབང་འཛིན་ལམ་ལུགས་ལ་བསྐྱར་ལོག་བྱེད་འདོད་མེད་པ་དང་ཞེད་སྣང་འོག་སྡོད་འདོད་མེད། མ་ཡུམ་ཨན་སང་སུ་ཅི་དྲང་བདེན་མིན་པའི་བཀག་ཉར་དེའི་འོག་ནས་གློད་གྲོལ་གཏོང་དགོས་པ། དེ་བཞིན་དམག་མིས་གཞུང་གི་གོ་གནས་འཁུར་བའི་ལམ་ལུགས་དེ་རྩ་བ་ནས་མེད་པ་བཟོ་འདོད་ཡོད་སྐོར་བརྗོད་འདུག གྲོང་སྡེ་ཞིག་གི་ནང་མེ་མདའ་བརྒྱབ་པའི་གནས་ཚུལ་ཡོད་འདུག་ཀྱང་། མི་མང་ལ་རྨས་སྐྱོན་འཕོག་ཡོད་མེད་ཀྱི་གནས་ཚུལ་ཐོན་མི་འདུག 

དེ་བཞིན་ཚེས་༨ ཉིན་ལ་ཡང་ཡཱན་གྷོ་དང་གྲོང་ཁྱེར་ཆེན་པོ་ཁག་ཅིག་ཏུ་ངོ་རྒོལ་ལས་འགུལ་སྤེལ་མཁན་སྟོང་ཕྲག་མང་པོ་བྱུང་འདུག་པས། ཉིན་གསུམ་བསྟུད་མར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། 

འབར་མར་ཡོད་པའི་གསར་འགོད་པ་ཁག་ཅིག་གིས་བརྗོད་དོན་ལ། ཐེངས་འདིར་སློབ་ཕྲུག་དང་ལས་འགུལ་བ་ཙམ་མ་ཡིན་པར། སྨན་པ་དང་དགེ་རྒན་སོགས་རྒྱབ་ལྗོངས་འདྲ་མིན་ནས་ངོ་རྒོལ་བ་ཡོད་པ་དང་། མི་མང་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ། ཁོ་ཚོས་ཐེངས་འདིའི་ལས་འགུལ་དེ་ནི་ལྕམ་ཨང་སན་སུ་ཅི་དང་མོའི་སྲིད་དོན་ཚོགས་པ་གཅིག་པུའི་ཆེད་དུ་མིན་པར། དེ་གཉིས་ལ་ཆེ་བ་སྟེ་ཁོ་ཚོའི་མ་འོངས་མདུན་ལམ་དང་འབྲེལ་བ་ཡོད་པ་ཤེས་ཀྱི་ཡོད་སྐོར་བརྗོད་བཞིན་འདུག 

མཉམ་འབྲེལ་རྒྱལ་ཁབ་ཀྱིས་བརྗོད་དོན་ལྟར་ན། འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་སྲིད་དབང་བཙན་འཕྲོག་བྱས་ནས་བཟུང་། མི་མང་༡༦༠ ལས་མང་བ་འཛིན་བཟུང་བྱས་ཟིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།