འབར་མའི་མི་མང་དཀྱུས་མ་ཚོས་དྲག་པོའི་གྱེན་ལངས་བྱེད་བཞིན་འདུག
འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་སྲིད་གཞུང་གི་སྲིད་དབང་བཙན་འཕྲོག་བྱས་ཏེ། ངོ་རྒོལ་བ་མི་མང་དཀྱུས་མ་མང་པོ་ཞིག་བསད་པ་དང་རྒྱལ་སྤྱིའི་ཐོག་ནས་དོན་ཕན་ལྡན་པའི་གནོན་ཤུགས་དང་ཐེ་བྱུས་བྱེད་ཐུབ་མེད་པས། མི་མང་དཀྱུས་མ་མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་པ་ངོས་འཛིན་གྱིས་མཉམ་ཞུགས་བྱེད་བཞིན་འདུག
ཟླ་༦ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇི་ཛེ་རཱ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་ངོ་རྒོལ་ལས་འགུལ་བ་མི་མང་དཀྱུས་མ་༨༦༠ ལས་མང་བ་དམར་གསོད་བཏང་བ་མ་ཟད། མི་གྲངས་༦༠༠༠ ལས་མང་བ་འཛིན་བཟུང་བྱས་ཡོད་ཁར། དེང་གི་ཆར་ཁྲིམས་འགལ་དང་མི་སྤྱོད་ལས་འདས་པའི་དྲག་གནོན་དེ་དག་མུ་མཐུད་སྤེལ་བཞིན་ཡོད་པས། སློབ་ཕྲུག་དང་སློབ་དཔོན་སོགས་མི་མང་དཀྱུས་མ་མང་པོ་ཞིག་གིས་དྲག་པོའི་གྱེན་ལངས་རུ་ཁག་ནང་དུ་འཛུལ་ནས། འབར་མའི་དམག་དང་ལོ་མང་རིང་འཐབ་རྒོལ་བྱེད་བཞིན་པའི་གྲངས་ཉུང་མི་རིགས་ཀྱི་དྲག་དམག་ནས་དམག་སྦྱོང་བྱེད་བཞིན་ཡོད་པ་དང་། མི་མང་དཀྱུས་མ་དེ་དག་གིས་བདུན་ཕྲག་ཁ་ཤས་རིང་དམག་སྦྱོང་བྱས་རྗེས། ས་མཚམས་ཀྱི་གྲོང་གསེབ་ཁག་དང་དེ་མིན་གྲོང་ཁྱེར་ཁག་ཏུ་ཕྱིར་ལོག་གིས། འབར་མའི་དམག་གི་སྒྲིག་འཛུགས་དང་འཐབ་རྒོལ་བྱེད་བཞིན་འདུག
མི་མང་དཀྱུས་མའི་དྲག་པོའི་གྱེན་ལངས་རུ་ཁག་དེ་ཚོར་སྦྱོང་བརྡར་གྱི་དུས་ཡུན་ཐུང་བ་མ་ཟད། འཐབ་རྒོལ་གྱི་མཚོན་ཆ་ཞན་པོ་ཡོད་འདུག་ཀྱང་། གྱེན་ལངས་པ་ཚོས་བརྗོད་དོན་ལ། ཞི་བའི་ངོ་རྒོལ་ལ་དམག་གི་སྒྲིག་འཛུགས་ཀྱིས་དྲག་གནོན་བྱས་ཏེ། ཉེས་མེད་མི་མང་དཀྱུས་མ་མང་པོ་དམར་གསོད་བཏང་དང་གཏོང་བཞིན་ཡོད་ཁར། ཕྱིའི་རྒྱལ་ཁབ་ཁག་ལ་རེ་བ་བྱས་ཀྱང་དོན་ཕན་ལྡན་པའི་གནོན་ཤུགས་དང་ཐེ་བྱུས་བྱས་མེད་པས། དབང་ཆ་གཅིག་སྡུད་ཀྱི་དམག་གི་སྲིད་གཞུང་དེ་མེད་པ་མ་ཆགས་བར་དུ། དྲག་པོའི་གྱེན་ལངས་བྱེད་རྒྱུ་ལས་ལམ་ཁ་གཞན་མེད་པ་ཡིན་སྐོར་བརྗོད་འདུག
ཟླ་༣ པའི་ཚེས་༡༤ ཉིན་སྲིད་དབང་བཙན་འཕྲོག་སྐབས་སུ་གནས་དབྱུང་བཏང་བའི་འདེམས་ཐོན་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ཚོགས་ཆུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཚོགས་ཆུང་དེས་མི་མང་ཚོས་རང་ཉིད་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་པ་དང་། ཟླ་༥ པའི་ཚེས་༥ ཉིན་ཚོགས་ཆུང་དེས་བསྐོ་གཞག་བྱས་པའི་རྒྱལ་ཡོངས་གཅིག་སྒྲིལ་གྱི་གཞུང་(National Unity Government)གིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་ཡོངས་མི་མང་བདེ་སྲུང་རུ་ཁག་གཅིག་འཛུགས་རྒྱུ་དང་། དེའི་དམིགས་ཡུལ་ནི་མི་མང་དཀྱུས་མའི་གྱེན་ལངས་རུ་ཁག་རྣམས་དང་གྲངས་ཉུང་མི་རིགས་ཀྱི་གྱེན་ལངས་དམག་སོགས་དབུས་ཀྱི་སྒྲིག་འཛུགས་ཤིག་གི་འོག་ཏུ་གཅིག་སྒྲིལ་བྱེད་རྒྱུའི་དམིགས་ཡུལ་ཡོད་སྐོར་བརྗོད་འདུག འོན་ཀྱང་ད་ལྟའི་ཆར་རུ་ཁག་མང་ཆེ་བ་རང་དབང་ཐོག་ནས་ལས་དོན་སྤེལ་བཞིན་ཡོད་འདུག
མི་མང་དཀྱུས་མའི་དྲག་པོའི་གྱེན་ལངས་རུ་ཁག་དེ་ཚོས་འབར་མའི་དམག་གི་སྒྲིག་འཛུགས་ལ་འཇབ་རྒོལ་ཐབས་བྱུས་ལ་བརྟེན་ནས་ཁ་གཏད་གཅོག་བཞིན་ཡོད་འདུག དམག་འཐབ་ཁྲོད་དྲག་སྤྱོད་ཚབས་ཆེ་རུ་འགྲོ་བཞིན་པ་དང་། ཚེ་སྲོག་ཤོར་མཁན་ཡང་མང་དུ་འགྲོ་བཞིན་པའི་སྐབས་དེར། མི་མང་དཀྱུས་མའི་གྱེན་ལངས་དམག་ཚོས་རྒྱལ་སྤྱིའི་ནང་འབར་མའི་གནད་དོན་དེ་ཡལ་མི་འགྲོ་བའི་རེ་བ་བྱེད་བཞིན་ཡོད་འདུག གྱེན་ལངས་དམག་མི་ཞིག་གིས་ད་ལྟའི་ཆར་འབར་མ་དེ་བཤས་ར་ལྟ་བུ་ཆགས་ཡོད་པ་དང་། དམག་གི་སྒྲིག་འཛུགས་ཀྱིས་ཉིན་ལྟར་མི་རྣམས་དུད་འགྲོ་ལྟ་བུ་གསོད་བཞིན་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།