འབར་མས་གསར་འགོད་པ་གཉིས་གློད་གྲོལ་བཏང་འདུག
འབར་མ་གཞུང་གིས་རུང་གྷེ་ཡ་ཁ་ཆེ་མི་རིགས་ལ་དྲག་སྤྱོད་ཐོག་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་གསར་འགོད་པ་གཉིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཉིན་གྲངས་༥༠༠ ལས་མང་བའི་རྗེས་སུ་ཉེས་པ་ཆག་ཡང་བཏང་བའི་བཙོན་པ་གཞན་དང་མཉམ་དུ་གློད་གྲོལ་བཏང་ཡོད་འདུག
ཟླ་༥ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འབར་མའི་ལོ་གསར་པའི་སྐབས་སུ་བཙོན་པ་མང་པོ་ཞིག་ལ། རྒྱལ་ཁབ་དེའི་སྲིད་འཛིན་གྱིས་ཉེས་པ་ཆག་ཡང་བཏང་ནས་གློད་གྲོལ་གཏོང་སྲོལ་ཡོད་པ་ལྟར། ཐེངས་འདིར་བཙོན་པ་༦༥༢༠ གློད་གྲོལ་གཏོང་རྒྱུ་ཡིན་སྐོར་སྲིད་འཛིན་ལས་ཁུངས་ནས་བརྗོད་འདུག
དེ་སྔོན་ཕྱི་ལོ་༢༠༡༧ ལོའི་ཟླ་༡༢ པའི་ནང་། འབར་མའི་མི་སེར་ཡིན་མཁན་རྒྱལ་སྤྱིའི་གསར་ཁང་རེའི་ཊར་གྱི་གསར་འགོད་པ་གཉིས་ཀྱིས། ཟླ་༨ པའི་ནང་རུང་གྷེ་ཡ་ཁ་ཆེ་མི་རིགས་ཀྱི་ས་ཁུལ་དུ་གཞུང་གི་དམག་མིས་དྲག་རྒོལ་བྱེད་འགོ་བཙུགས་སྐབས། ས་གནས་ཤིག་ཏུ་གཞུང་གི་དམག་མི་དང་ནང་པ་ཁག་ཅིག་གིས་རུང་གྷེ་ཡ་སྐྱེས་པ་དང་བུ་ཆུང་༡༠ དམར་གསོད་བཏང་བའི་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་པའི་སྐབས་སུ་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། སྐབས་དེར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་འབར་མའི་མང་གཙོའི་མདུན་བསྐྱོད་ཀྱི་ལས་དོན་ནང་གསར་འགོད་རང་དབང་ལ་དམ་དྲག་བྱེད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས། ཟླ་༥ པའི་ཚེས་༧ ཉིན་སྲིད་འཛིན་གྱིས་ཉེས་པ་ཆག་ཡང་ཐོག་བཙོན་པ་གློད་གྲོལ་བཏང་བའི་ཁོངས་ནས། བཙོན་འཇུག་བྱས་པའི་གསར་འགོད་པ་གཉིས་པོ་དེ་གློད་གྲོལ་བཏང་འདུག དེ་ཡང་ཁོང་གཉིས་འཛིན་བཟུང་བྱས་ཏེ་ཉིན་གྲངས་༥༡༡ ཀྱི་རྗེས་སུ་གློད་གྲོལ་བཏང་བ་རེད་འདུག
དེ་ཡང་གློད་གྲོལ་བཏང་བའི་གསར་འགོད་པ་ཝ་ལེན་གྱིས། ང་རང་ནི་གསར་འགོད་པ་ཞིག་ཡིན་པས་མུ་མཐུད་ནས་གསར་འགོད་པ་བྱེད་རྒྱུ་ཡིན། གསར་ཁང་དུ་ལས་ཀ་བྱེད་པར་འགྲོ་རྒྱུར་སྒུག་ཐུབ་ཀྱི་མི་འདུག་ཅེས་གསར་འགོད་པ་ཚོར་བརྗོད་འདུག་པ་དང་། ཁོང་གཉིས་ཀྱིས་བྲིས་པའི་གསར་འགྱུར་དེར་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་པུ་ལིཊ་ཛེར་བྱ་དགའ་ཐོབ་ཡོད་པ་རེད། ཁོང་གཉིས་ལས་ཀ་བྱེད་ཡུལ་རེའུ་ཊར་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པས། གསར་ཁང་དེའི་སྙིང་སྟོབས་ལྡན་པའི་གསར་འགོད་པ་ཁོང་གཉིས་གློད་གྲོལ་བྱུང་བ་དགའ་པོ་བྱུང་བ་དང་། ཁོང་གཉིས་འཛིན་བཟུང་བྱས་རྗེས། འཛམ་གླིང་ནང་གསར་འགོད་རང་དབང་གི་གལ་ཆེའི་མཚོན་དོན་དེ་ཁོ་གཉིས་ཆགས་ཡོད་སྐོར་བརྗོད་འདུག དེ་སྔོན་ཁོང་གཉིས་འཛིན་བཟུང་བྱས་སྐབས་རེའུ་ཊར་གསར་ཁང་གིས་ཁོ་གཉིས་ཀྱིས་ནག་ཉེས་གང་ཡང་བྱས་མེད་སྐོར་བརྗོད་ནས་གློད་གྲོལ་གཏོང་བའི་དགོས་འདུན་བཏོན་ཡོད་པ་རེད།
རུང་གྷེ་ཡ་ཁ་ཆེ་མི་རིགས་ཐོག་ལ་དྲག་རྒོལ་གྱི་གནས་ཚུལ་དེ་ལ་བརྟེན་ནས། རུང་གྷེ་མི་རིགས་འབུམ་༧ ལས་མང་བར་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་འགྲོ་དགོས་འཁེལ་ཡོད་པ་དང་། ད་ལྟའི་ཆར་བྲོས་བྱོལ་བ་རྣམས་ཀྱི་གནས་སྟངས་ཛ་དྲག་འོག་གནས་ཡོད་ཀྱང་། འབར་མར་ཕྱིར་ལོག་རྒྱུའི་བསམ་བློ་མེད་མཁན་མང་པོ་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་འབར་མའི་འགོ་ཁྲིད་ལྕམ་ཨན་སང་སུ་ཅི་ཡིས་དྲག་རྒོལ་དེར་སྐྱོན་བརྗོད་བྱེད་ཀྱི་མེད་པས། རྒྱལ་སྤྱིའི་ནང་ནས་ཁོང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡང་བྱུང་ཡོད་ཁར། ཁོང་ལ་སྤྲད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་མཁན་ཡང་མང་པོ་བྱུང་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།