འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐོག་ཐའེ་ཝན་སྐོར་གླེང་སློང་ཤུགས་ཆེན་བྱས་པ་ལས་བོད་དང་ཡུ་གུར་སྐོར་བྱས་ཡོད་མི་འདུག 

འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་དེ་ཁེ་ན་ཌའི་ནང་འཚོགས་ཡོད་འདུག་པ་དང་། ལོ་སྔོན་མའི་ཕྱི་ཟླ་༡༡ ནང་ལྷན་ཚོགས་དེའི་ཐོག་བོད་དང་ཧོང་ཀོང་། ཡུ་གུར་ནང་གི་འགྲོ་མིའི་ཐོབ་ཐང་སྐོར་གླེང་སློང་བྱས་ཡོད་འདུག་ཀྱང་། འདི་ལོའི་ལྷན་ཚོགས་ཐོག་བོད་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་གནད་དོན་སྐོར་གླེང་སློང་བྱས་མེད་པར་བརྗོད་འདུག འོན་ཀྱང་། ཐའེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་འདུག

ཕྱི་ཚེས་༡༤ (Reuters)གསར་ཁང་དང་གཞན་གསར་ཁང་ཁག་ཅིག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་དེ་ཁེ་ན་ཌའི་(LA MALBAIE)ཟེར་བ་ས་ཆར་ཉིན་གྲངས་གཉིས་རིང་འཚོགས་གནང་ཡོད་འདུག་ལ། སྐབས་དེ་དུས་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པ་ཚང་འཛོམས་གནང་ཡོད་འདུག ཕྱི་ཚེས་༡༤ ཉིན་གྱི་ཚོགས་འདུ་དེའི་ཐོག་ཐའེ་ཝན་གྱི་གནད་དོན་སྐོར་ངར་ཤུགས་ཆེན་པོའི་ཐོག་ནས་གླེང་སློང་བྱས་ཡོད་འདུག་ཅིང་། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་ལ་མི་འདོད་པའི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་འདུག དེ་བཞིན་ལོ་སྔོན་མར་བོད་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱས་ཡོད་འདུག་ཀྱང་། འདི་ལོར་གླེང་སློང་བྱས་ཡོད་མི་འདུག་ལ།

འདི་ལོའི་ཚོགས་འདུའི་ཐོག་ཡུག་རེན་གྱི་ངོས་ནས་ཟླ་བ་གཅིག་རིང་གི་དམག་འཁྲུག་མཚམས་འཇོག་བྱེད་རྒྱུར་ངོས་ལེན་བྱས་ཡོད་པ་བཞིན་ཨུ་རུ་སུས་ངོས་ལེན་བྱེད་དགོས་པའི་སྐུལ་མ་དང་། དེ་ལྟར་མ་བྱས་ཚེ་དཔལ་འབྱོར་གྱི་ཉེས་ཆད་སྔར་ལྷག་གཅོད་རྒྱུའི་ཉེན་བརྡ་བཏང་ཡོད་འདུག ཡུག་རེན་ལ་འབྱོར་ལྡན་རྒྱལ་ཁབ་བདུན་པོས་རྒྱབ་སྐྱོར་སྔར་ལྷག་ཡོད་པར་བརྗོད་འདུག 

ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་ཁབ་བདུན་པོས་ཐའེ་ཝན་གྱི་གནད་དོན་གླེང་སློང་དང་། རྒྱ་ནག་དང་ཐའེ་ཝན་གཉིས་བར་ཞི་བའི་ཐོག་ནས་དཀའ་ངལ་གསལ་དགོས་པ་ལས། ཕྱོགས་གཅིག་གིས་བཙན་པོ་དབང་ཡོད་བྱས་ན་འགྲིག་གི་མ་རེད་ཅེས་ཤུགས་ཆེན་པོ་བརྗོད་ཡོད་འདུག་པར་བརྟེན། ཁེ་ན་ཌའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་འབྱོར་ལྡན་རྒྱལ་ཁབ་བདུན་པོའི་ལྷན་ཚོགས་ཐོག་རྒྱ་ནག་མེད་སར་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་གཏོགས་བྱས་པ་ནི་འགྲིག་གི་མེད་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་ལ་བརྩི་མཐོང་དགོས་པ་ནན་བརྗོད་བྱས་འདུག འདི་ལོའི་ཕྱི་ཟླ་༡ ནང་ཨ་རིའི་སྲིད་འཛིན་ཊོམ་དང་ཉི་ཧོང་གི་སྲིད་འཛིན་(Shigeru Ishiba)ཐུག་འཕྲད་བྱས་ཡོད་ཅིང་། སྐབས་དེ་དུས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྩོད་རྙོག་བཟོ་བཞིན་ཡོད་པ་དང་། ཐའེ་ཝན་ལ་འཇིགས་སྐུལ་བྱེད་པ་སོགས་ཀྱི་སྐོར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་འདུག ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio)ཡིས་གཟའ་པ་སངས་ཉིན་གསར་འགོད་པར་ད་ལྟ་འགྱུར་ལྡོག་ཆེ་བའི་དུས་སྐབས་སུ་འབྱོར་ལྡན་རྒྱལ་ཁབ་བདུན་པོ་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དཀའ་ངལ་ཁག་ལ་གདོང་ལེན་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པར་བརྗོད་འདུག 

ཐེངས་འདིའི་ལྷན་ཚོགས་ཐོག་ཏུ་ཡང་ཐའེ་ཝན་གནད་དོན་ལ་དོ་སྣང་ཆེན་པོ་སྤྲད་ཡོད་འདུག དེ་བཞིན་གཞན་ཨུ་རུ་སུ་དང་ཡུག་རེན་གྱི་གནད་དོན། དཀྱིལ་ཤར་ཡུལ་གྲུ་ཁག་ནང་འབྱུང་བཞིན་པའི་དམག་འཁྲུག་སྐོར་གླེང་སྐོང་བྱས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།