འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཚན་བར་གྱི་བགྲོ་གླེང་།

ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་ཕྱག་མཛོད་ཁང་དང་བློ་གསལ་གླིང་ཚན་རིག་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག སྐུའི་གྱ་སྟོན་སྲུང་བརྩིའི་ཆེད་དུ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་བགྲོ་གླེང་ཞིག་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་གསར་པའི་གནང་འཚོགས་ཡོད་པ་རེད།

new (3)དེ་ཡང་ཐེངས་འདིའི་ཆོས་ཚན་དབར་ལ་བགྲོ་གླེང་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་གྱ་སྟོན་སྲུང་བརྩི་དང་འབྲེལ་བའི་ནང་པའི་ཚན་རིག་གམ་ནང་པའི་ལྟ་གྲུབ་ཀུན་བཏུས་སྐོར་དང་དེང་རབས་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

བགྲོ་གླེང་གི་ཚོགས་མགོན་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དབུས་བློ་གསལ་གླིང་དང་། སྒོ་མང་། ཤར་རྩེ་བཅས་ཀྱི་མཁན་པོ་དང་མཁན་ཟུར། མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་། དེ་བཞིན་འབྲས་སྤུངས་དང་དགའ་ལྡན། རྭ་སྟོད། ས་སྐྱ། བཙུན་དགོན་བྱང་ཆུབ་ཆོས་གླིང་། མོན་གྷོ་གཏན་སློབ་བཅས་ཀྱི་གྲྭ་བཙུན་དང་སློབ་ཕྲུག་སོགས་མི་གྲངས་ལྔ་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།
དེ་ཡང་བགྲོ་གླེང་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་ངོ་སྤྲོད་བཅས་ཀྱི་སྔོན་འགྲོའི་ལས་རིམ་གྲུབ་པ་དང་། བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེས་བགྲོ་གླེང་དང་འབྲེལ་བའི་གཏམ་བཤད་གནང་སྐབས། ནུབ་ཕྱོགས་སུ་ཚན་རིག་དར་བའི་བྱུང་རིམ་དང་འབྲེལ་ཏེ་ཚན་རིག་གི་དགེ་སྐྱོན་དང། ༧གོང་ས་མཆོག་གིས་ལོ་ངོ་སུམ་ཅུ་ལྷག་གི་རིང་སེམས་དང་སྲོག་གི་ཚོགས་འདུ་བརྒྱུད་དེ་སྔར་སུས་ཀྱང་གནང་མ་མྱོང་བའི་ཆོས་ཚན་ཟུང་འབྲེལ་གྱིས་ཞི་བདེ་བསྐྲུན་པའི་རླབས་ཆེན་གྱི་ཕྱག་རྗེས་འཛམ་གླིང་འདི་ས་ཁྱོན་ཡོངས་སུ་དར་སྤེལ་གནང་བཞིན་ཡོད་པའི་སྐོར་དང་། ལྷག་པར་སློབ་གཉེར་བ་ཚོས་ཚན་རིག་སློབ་གཉེར་གནང་བ་དེས་དེང་གི་སྤྱི་ཚོགས་སུ་ཞབས་འདེབས་ཇི་ལྟར་བསྒྲུབ་དགོས་མིན་སོགས་ཀྱི་ཐད་གསུང་བཤད་གནང་སོང་།

new (2)གཞན་ཡང་༧གོང་ས་མཆོག་གི་ལམ་སྟོན་འོག་ཕྱོགས་བསྒྲིགས་བྱས་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་མི་དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས་ཀྱིས་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་བྱེད་ཕྱོགས་དང་འབྲེལ་ཏེ། ལྟ་གྲུབ་ཀུན་བཏུས་སུ་བརྗོད་བྱ་གང་དང་གང་བསྡུས་ཡོད་མེད་དང་། ༧གོང་ས་མཆོག་གིས་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་བྱེད་ཚུལ་གྱི་ལམ་སྟོན་ཇི་ལྟར་གནང་བའི་སྐོར་ལ་གཏམ་བཤད་གནང་སོང་།
དེ་བཞིན་བློ་གླིང་ཚན་རིག་དགེ་རྒན་ལྕོག་རི་དགེ་ལེགས་རྒྱ་མཚོས་ཚན་རིག་ནས་བཤད་པའི་ཁ་དོག་དང་མིག་གིས་གཟུགས་མཐོང་ཚུལ་དང་། སྒོ་མང་དགེ་བཤེས་ལྷ་རམས་པ་བསྟན་འཛིན་ཆོས་འཕེལ་གྱིས་ནང་པའི་གཞུང་ནས་གསུངས་པའི་སྒྲའི་སྐོར་དང་། བློ་གླིང་ཚན་རིག་དགེ་རྒན་ཟླ་བ་ཚེ་རིང་གིས་ཚན་རིག་ནས་བཤད་པའི་སྒྲའི་སྐོར་དང་། བློ་གླིང་དགེ་བཤེས་ལྷ་རམས་པ་དམ་ཆོས་རྒྱལ་མཚན་ནས་དེང་གི་སྤྱི་ཚོགས་དང་བདེ་སྐྱིད་ཀྱི་འཚོལ་སྙེགས་ཀྱི་སྐོར་དང་། དགའ་ལྡན་བྱང་རྩེའི་ཚན་རིག་དགེ་རྒན་བློ་གྲོས་བཟང་པོས་འཕེལ་འགྱུར་རིག་པའི་རྣམ་བཞག་སོགས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་སོང་། ཐེངས་འདིའི་བགྲོ་གླེང་འདི་ནི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཕྱོགས་བསྒྲིགས་བྱས་རྗེས་ཀྱི་བགྲོ་གླེང་ཐོག་མ་དེ་ཆགས་ཡོད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།