འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་བལ་ཡུལ་དུ་གདམས་ངག་མཛོད་ཀྱི་ཆོས་འབྲེལ་སྩོལ་བཞིན་འདུག

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ཕྱི་ཟླ་༡༠ པའི་ཚེས་༧ བདུན་ཉིན་ཐའེ་ཝན་ནས་སིངྒ་པུར་བརྒྱུད་བལ་ཡུལ་དུ་ཞབས་སོར་འཁོད་འདུག་པ་དང་། ཕྱི་ཟླ་༡༠ པའི་ཚེས་༡༠ ཉིན་ནས་དབུ་བཙུགས་ཏེ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་གྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་མཛོད་ཀྱི་བཀའ་ཆོས་ཆེན་མོ་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ་གནང་བཞིན་འདུག སྐབས་དེར་སྟག་ལུང་༧སྐྱབས་མགོན་མ་སྤྲུལ་རིན་པོ་ཆེ་དང་། ༧སྐྱབས་མགོན་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད། ༧སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་བླ་ཆེན་འགའ་དང་གཞན་ཡང་བླ་མ་དང་སྤྲུལ་སྐུ། མཁན་པོ་དང་དགེ་བཤེས། སྒྲུབ་དཔོན་དང་མཚམས་པ། ཕྱི་རྒྱལ་གྱི་མི་རིགས་ཁག་གིས་མཚོན་པའི་རིས་མེད་ཀྱི་སེར་སྐྱ་སྟོང་ཕྲག་མང་པོ་འཛོམས་ཡོད་འདུག་ལ། བཀའ་ཆོས་དེ་དུས་ཡུན་ཟླ་བ་གཉིས་ཀྱི་རིང་ཙམ་གནང་རྒྱུ་ཡིན་འདུག

གདམས་ངག་མཛོད་དེ་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེས་༡༩༨༣ ནང་འབྲུག་ཡུལ་དུ་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས་ཞུས་ཡོད་འདུག་པ་དང་། ལྷག་ཏུ་དེ་དུས་༧སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེས་འབྲི་གུང་༧སྐྱབས་མགོན་ལ་གཅིག་བརྒྱུད་བཀའ་རྒྱ་ཅན་རྣམས་འབྲི་གུང་༧སྐྱབས་མགོན་ཁོ་ན་ལ་གནང་བར་བཤད་སྲོལ་ཡང་འདུག
གདམས་ངག་མཛོད་ཅེས་པ་ནི་དེ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་མཆོག་གིས་མཛད་པའི་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་པོའི་རྒྱུད་ལུང་མན་ངག་རྣམས་ཀྱི་སྙིང་པོ་ཕྱོགས་གཅིག་དུ་བསྒྲིགས་པའི་གཞུང་ལུགས་ཆེན་པོ་ཞིག་ཡིན་པ་དང་། འདི་ལ་གླེགས་བམ་བཅོ་བརྒྱད་ ༡༨ ཙམ་བཞུགས་ཡོད་འདུག སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ནི། འཇམ་མགོན་ཀོང་སྤྲུལ་པའི་ཞལ་ནས། རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་དང་། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །ཞེས་གསུངས་པ་ལྟར། སྔ་འགྱུར་རྙིང་མ་དང་བཀའ་གདམས། ལམ་འབྲས་པ་དང་མར་པ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག་པ་དང་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་པའི་ལུགས་བཅས་ཡིན་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།