འབྲི་གུང་༧སྐྱབས་མགོན་མཆོག་གིས་ནང་པའི་གནས་ཆེན་མཉན་ཡོད་དུ་སྐྱོང་བཞིན་པའི་མཛད་འཕྲིན།

ཕྱི་ཟླ་༩ པའི་ཚེས་༢༣ ནས ཕྱི་ཟླ་༡༠ ཚེས་༢༩ བར་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་གི་གོ་སྒྲིག་འོག ༧སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་གིས། མཉན་ཡོད་ནང་པའི་གནས་ཆེན་ལྟེ་གནས་སུ་འབྲི་གུང་བཀའ་བརྒྱུད་པའི་གཟིམ་ཆུང་བཀའ་དབང་དེ་ཕྱི་ཟླ་༠༩པའི་ཚེས་༢༣ ནས་༧སྐྱབས་མགོན་མཆོག་གིས་དབང་སྒྲུབ་མཛད་དེ་དངོས་གཞིའི་བཀའ་དབང་དབུ་འཛུགས་གནང་ཡོད་པ་དང་། དེའི་རྗེས་ནས་ཉིན་གསུམ་རིང་མི་ལའི་དབང་བསྐུར་དང་མི་ལའི་བླ་སྒྲུབ་ཀྱི་ལུང་། སྨན་བླ་ལོངས་སྐུ་ལྷ་ལྔའི་དབང་ལུང་། མར་པའི་ཐུགས་དམ་གྱི་ལྷ་གསུམ་ལས་སྒྲོལ་ལྗང་གི་དབང་། མར་པའི་བླ་སྒྲུབ་དང་ཚོགས་གསུང་རྒྱུ། ཉིན་མཐའ་མར་མཉན་ཡོད་སྒོམ་སྒྲུབ་ཉིན་བཅུ་དེ་ལེགས་གྲུབ་གནང་རྒྱུ་བཅས་ཡིན་འདུག ཐེངས་འདིར་ཕེབས་པ་༧སྐྱབས་རྗེ་ཁྲི་ཚབ་བརྒྱད་ར་རིན་པོ་ཆེ་དང་འབྲི་གུང་མཁན་ཆེན་ཉི་མ་རྒྱལ་མཚན་རིན་པོ་ཆེ། གྲུབ་པའི་དབང་ཕྱུག་༧་ནུབ་པ་རིན་པོ་ཆེ། གནས་མཆོག་ལ་ཕྱིའི་རྡོར་འཛིན་དོན་གྲུབ་དཔལ་ལྡན་རིན་པོ་ཆེ་སོགས་འབྲི་གུང་བཀའ་བརྒྱུད་ཀྱི་མཆོག་སྤྲུལ་རྣམ་པ་དང་། མཁན་པོ་རྣམ་པ། སྒྲུབ་དཔོན་རྣམ་པ། སློབ་དཔོན་རྣམ་པ་སོགས་འབྲི་གུང་བཀའ་བརྒྱུད་ཀྱི་གནད་ཡོད་མི་སྣ་ཉིས་བརྒྱ་ལྷག་འདུས་ཡོད་ཅིང་། དེ་བཞིན་རྙིང་མ་དང་འབྲུག་པ་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད་སོགས་ནས་ཀྱང་གནད་ཡོད་མི་སྣ་འགའ་ཡང་ཕེབས་ཡོད་འདུག་ཅིང་། དེར་ཕེབས་པའི་འདུས་མང་ཡོངས་ནས་ཉིན་ལྟར་ཞོགས་པའི་ཕྱག་ཚོད་༦:༠༠པའི་ཐོག་ནས་བླ་མ་མཆོད་པ་གསུངས་ཤིང་། ཕྱག་ཚོད་བརྒྱད་པ་ནས་དགུ་བར་སྨོན་ལམ་གསུང་། ཕྱག་ཚོད་དགུ་པའི་ཐོག་༧སྐྱབས་མགོན་རྡོ་རྗེ་འཆང་མཆོག་ཆིབས་བསྒྱུར་བསྐྱངས་ནས། སྔ་དྲོའི་བཀའ་དབང་སྩོལ་བ་དང་ཕྱི་དྲོའི་ཕྱག་ཚོད་གསུམ་དང་ཕྱེད་ནས་ལུང་གནང་གི་ཡོད་པ་དང་། དགོང་མོ་ཕྱག་ཚོད་བདུན་པའི་ཐོག་དུས་ཚོད་རེས་མོས་ཀྱིས་སྐབས་རེར་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ལུང་མུ་མཐུད་སྩོལ་བ་དང་། སྐབས་རེར་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྲུང་རྣམ་པའི་འཕྲིན་བཅོལ་ཞབས་རིམ་སྒྲུབ་བཞིན་པ་རེད།
མཁན་པོ་ཉི་མ་ནས་གནས་ཚུལ་མཁོ་སྤྲོད་གནང་།