འབྲི་རུ་རྫོང་ནི་འཛམ་གླིང་གི་ས་ཆ་དམ་དྲག་ཆེ་ཤོས་ཤིག་ཏུ་བརྩི་གི་ཡོད།
དྷ་སར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གི་གོ་སྒྲིག་བྱས་པའི་“བོད་འབྲི་རུ་རྫོང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཛ་དྲག་གནས་སྟངས་”ཞེས་པའི་གསར་འགོད་ལྷན་ཚོགས་ཤིག་འཚོགས་པའི་སྟེང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་ཚོས་“འབྲི་རུ་རྫོང་ནི་འཛམ་བུ་གླིང་གི་ནང་ལ་ས་ཆ་དམ་དྲག་ཆེ་ཤོས་ཤིག་ལ་བརྩི་གི་ཡོད་རེད་”ཅེས་བརྗོད་སོང་།
ཕྱི་ཟླ་ ༡༠ ཚེས་ ༢༩ རེས་གཟའ་པ་སངས་ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དྲུག་གིས་གོ་སྒྲིག་བྱས་པའི་གསལ་འགོད་གསལ་བསྒྲགས་དེའི་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་གཞོན་སྐྱེས་གླུ་བ་ལྷུན་གྲུབ་གྲགས་པ་ལ་མི་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁོང་བཙོན་འཇུག་བྱེད་དོན་གཙོ་བོ་ནི་ཁོང་གིས་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གླུ་གཞས་འགའ་བཏང་བས་ཡིན་ཚུལ་ཕྱིར་བསྒྲགས་བྱས་སོང་མ་ཟད། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་དང་བཙོན་འཇུག་ཁྲིམས་ཐག་གཅོད་བྱེད་ཀྱི་གླུ་གཞས་<<ཞྭ་མོ་ནག་པོ་>>ཞེས་པ་དེའང་བཤམ་སྟོན་བྱས་སོང་།

ཚོགས་པ་དྲུག་ནས་བཏོན་པའི་གནས་ཚུལ་ལྟར་ན། གླུ་བ་ལྷུན་གྲུབ་གྲགས་པས་<<ཞྭ་མོ་ནག་པོ་>>ཞེས་པའི་གླུ་གཞས་ཤིག་ ༢༠༡༩ ཕྱི་ཟླ་ ༣ པའི་ནང་བླངས་རྗེས། ཕྱི་ཟླ་ ༥ པའི་ནང་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག་པ་དང་། ལོ་གཅིག་ལྷག་ལ་བཀག་ཉར་བྱས་རྗེས་ད་ལོའི་ཕྱི་ཟླ་ ༦ པའི་ནང་གཞི་ནས་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཅིང་། “དུས་ཡུན་མི་ལོ་ ༡ ལྷག་ལ་བཀག་ཉར་བྱས་རིང་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བཞག་གི་ཁྲིམས་རྩོད་པ་གླ་བཅུག་མེད་ཁར་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་སྤྲད་མེད་པ་རེད་”འདུག
དྷ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་དེའི་ཐོག འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གར་ལ་སྒོར་མོ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་དང་། འདྲི་གཅོད་རྒྱག་རྡུང་གིས་གྲོངས་པའི་ལྷ་མོའི་གཅེན་པོ་བཀྲ་ཤིས་དོན་གྲུབ་ཀྱང་ཡོང་འདུག་པ་དང་། ཁོང་གིས་རང་ཉིད་ཀྱི་གཅུང་མོ་རྒྱ་གཞུང་གི་གདུག་རྩུབ་དང་མནར་གཅོད་འོག་གྲོངས་པ་གོ་ཐོས་བྱུང་བའི་མྱོང་ཚོར་སྐོར་ཕྲན་ཙམ་བཤད་སོང་།
ཁོང་གིས་གསར་འགོད་ལྷན་ཚོགས་དེ་སྐོང་འཚོགས་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་དང་། རྗེས་སུའང་མུ་མཐུད་ནས་རྒྱབ་སྐྱོར་བྱེད་པའི་རེ་བ་ཞུས་རྗེས། མྱོང་ཚོར་ཞིག་སོ་སོའི་ཐོག་ལ་ཡོང་དུས་ག་འདྲ་ཞིག་ཡོད་མེད་དེ་སོ་སོས་མ་གཏོགས་མི་ཤེས་པ་དང་། དེ་ཚིག་གིས་བཤད་ཐུབ་དཀའ་བ། “སྡུག་བསྔལ་འདྲ་བོ་ཧང་སང་བ་”ཡོད་པ། དེ་བཞིན་དཀའ་སྡུག་མྱོང་མཁན་དེ་ཁོང་གཅིག་པུའི་ནང་མི་མ་ཡིན་པར་“འདས་པོ་ག་ཚོད་ཡོད་པ་ཚང་མ་རྒྱ་མིས་མནར་གཅོད་བཏང་ནས་བསད་པ་རྐྱང་རྐྱང་”ཡིན་སྐོར་བརྗོད་པའི་ཐོག དེར་ཡོད་པའི་ཚོགས་པ་ཁག་ལ་“ད་ལྟ་བཙོན་ཁང་དུ་ལྷག་བསྡད་པའི་བསྟན་འཛིན་ཐར་པ་ལ་ཁྱེད་རྣམ་པས་འགྲོ་བ་མིིའི་ཐོབ་ཐང་ཚོགས་པ་ཁག་ལ་ལབ་དགོས་ན་འདྲ། འཛམ་བུ་གླིང་གི་ཁྲིམས་ལ་གཏུག་དགོས་ན་འདྲ། ག་རེ་བྱེད་དགོས་ཀྱང་གསོན་པོར་གནས་ཐབས་ལ་ཤུགས་རྒྱག་རོགས་”ཞེས་རེ་བ་དང་འབོད་སྐུལ་བྱས་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་ཀྱི་སྐུ་ཚབ་ཚོས་འབྲི་རུའི་ཛ་དྲག་གི་གནས་སྟངས་སྤྱི་དང་། དགོས་འདུན་ ༥ འཁོད་པའི་བསྒྲགས་གཏམ་དེ་བོད་ཡིག་དང་། རྒྱ་ཡིག དབྱིན་ཇི། ཧིན་ཡིག་བཅས་སྐད་ཡིག་བཞིའི་ནང་སྒྲོགས་སྦྱང་བྱས་པ་མ་ཟད། མ་འོངས་པར་ཡང་འབྲི་རུའི་གནས་སྟངས་འབྲེལ་བའི་ཞུ་གཏུག་དང་། ལས་འགུལ་འདྲ་མིན་རིམ་པས་སྤེལ་བའི་འཆར་གཞི་ཡོད་ཚུལ་བཤད་སོང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་མཇུག་སྡོམ་གཏམ་བཤད་གནང་བའི་ནང་། ཁོང་གིས་འབྲི་རུ་རྫོང་དང་མཉམ་དུ་སོག་རྫོང་ཡང་གནད་འགག་ཤིན་ཏུ་ཆེན་པོ་ཆགས་ཡོད་ཀྱང་། ད་ལན་གྱི་གནས་ཚུལ་འདི་འབྲི་རུ་རྫོང་དང་ཐད་ཀར་འབྲེལ་བ་ཡོད་པར་བརྟེན། གསལ་བསྒྲགས་ནང་དུ་འབྲི་རུའི་མིང་བཏོན་པ་ཡིན་སྐོར་གསུངས་པའི་ཁར། “བསྟན་འཛིན་ཐར་པ་ལགས་དང་། ད་ག་ནང་བཞིན་ལྷུན་གྲུབ་གྲགས་པ་ལགས། ལྷ་མོ་ལགས་ཁོང་ཚོ་གསུམ་གྱི་གནས་ཚུལ་ཡོང་ས་གཅིག་ཡོད་རེད་བ—འབྲི་རུ་རྫོང་ལབ་དུས་འཛམ་བུ་གླིང་གི་ནང་ལ་ས་ཆ་དམ་དྲག་ཆེ་ཤོས་ཤིག་ལ་བརྩི་ཡི་ཡོད་རེད། དེ་ང་ཚོས་བཤད་ཀྱི་ཡོད་མ་རེད། རྒྱལ་སྤྱིའི་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་བྱེད་མཁན་དེ་ཚོས་ལོ་མང་པོ་ཞིག་ལ་ཉམས་ཞིབ་བྱེད་དུས། འབྲི་རུ་དང་སོག་རྫོང་གཉིས་དེ་འགྲམ་འགྲམ་ལ་རེད། དེ་གཉིས་དེ་འཛམ་བུ་གླིང་གི་ནང་ལ་དམ་དྲག་ཆེ་ཤོས་ཤིག་རེད་”ཅེས་བསྣན་སོང་།
དེ་ཡིས་མ་ཚད། ཁོང་གིས་ད་དུང་ནམ་རྒྱུན་ང་ཚོས་བྱང་ཀོ་རི་ཡ་དང་སི་རི་ཡ་(Syria)ཛ་དྲག་ཞེ་བུ་བརྩི་ཡི་ཡོད་ན་ཡང་། འབྲི་རུ་དང་སོག་རྫོང་གི་གནས་སྟངས་དེ་ལས་སྡུག་པ་མེད་ཀྱང་གཅིག་མཚུངས་ཡིན་པ་དང་། དེ་ལྟ་བུའི་ཛ་དྲག་གི་གནས་སྟངས་ནང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཚོས་རང་སྲོག་བློས་གཏོང་གིས་ཕྱི་ལ་གཏོང་གི་ཡོད་སྟབས། “བོད་ནང་ནས་གནས་ཚུལ་ག་འདྲ་བསླེབས་ན་ཡང་། གནས་ཚུལ་གཅིག་པུ་ཡིན་པའི་ངོ་བོའི་ཐོག་ནས་མིན་པར་དེའི་རྒྱབ་ལ་མིའི་སྲོག་ཡོད་པ་”ཤེས་དགོས་ཚུལ་སོགས་གསུངས་སོང་།
གཤམ་དུ་ཚོགས་པ་ཁག་དྲུག་གི་དགོས་འདོན་ལྔ་བཀོད་ཡོད་དེ།
༡) ལྷུན་འགྲུབ་གྲགས་པ་དང་བསྟན་འཛིན་ཐར་པ་གཉིས་ཀྱིས་མཚོན་པའི་ཁྲིམས་འགལ་གྱི་ཐོག་ནས་གང་བྱུང་འཛིན་བཟུང་དང་བཀག་ཉར་བྱས་པའི་བོད་མི་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས།
༢) ལྷོ་མའི་འདས་རྐྱེན་དང་འབྲི་རུ་རྫོང་གི་ཡུལ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་ཡུལ་མིའི་ཚེ་སྲོག་ལ་རྒོལ་བའི་ནག་ཉེས་ཚབས་ཆེན་བཟོས་པའི་གནད་དོན་ཐད་ལ་རང་དབང་གི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་འཇུག་དགོས།
༣) རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཆེ་མཐོའི་ལས་འཛིན་ལྷན་ཚོགས་དང་དམིགས་བསལ་ལས་འཛིན་ལྷན་ཚོགས་ཀྱི་རེ་སྐུལ་གཞིར་བཟུང་བོད་ས་ཡོངས་སུ་རྟོག་ཞིབ་གནང་བར་སྟངས་འཛིན་སུན་གཙེར་མེད་པར་དགོས་ངོས་ཀྱི་མཐུན་རྐྱེན་ཆ་ཚང་སྤྲོད་དགོས།
༤) རྒྱ་གཞུང་གིས་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་མནར་གཅོད། དམར་གསོད་གཏོང་ཐབས་ཀྱི་ལག་བསྟར་ཁྲིམས་སྒྲིག་དང་སྲིད་ཇུས་ཁག་ཚང་མ་མེད་པར་བཟོ་དགོས།
༥) རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ཁག་ལ་མིང་རྟགས་འཁོད་ཅིང་ལག་བསྟར་ཆོག་མཆན་སྤྲད་པ་གཞིར་བྱས་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་དང་ཡར་རྒྱས། སྲུང་སྐྱོང་བཅས་ཡོང་ཐབས་ཆིངས་ཡིག་ཁག་གནང་གསལ་གྱི་གཡོལ་མེད་འགན་འཁྲི་ཁག་ལ་བརྩི་འཇོག་ལག་བསྟར་བྱེད་དགོས། །
གསར་འགོད་པ་དཀོན་མཆོག་རབ་བརྟན།