འབྲི་རུའི་ཛ་དྲག་གནས་སྟངས་ཆེད་དྷ་སར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་བྱས་པ།
རྒྱ་ནག་གཞུང་གིས་འབྲི་རུ་རྫོང་དུ་ས་ཁུལ་གཞན་གང་ལས་ཀྱང་ཆེ་བའི་དམ་དྲག་དང་དྲག་གནོན་ཚད་ལས་འདས་པ་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། དྷ་སའི་མི་མང་བརྒྱ་ཕྲག་ལྷག་གིས་ནད་ཡམས་ཀྱི་ཉེན་ཁར་མ་འཛེམས་པར་དྷ་ས་མེག་གྷན་གྱི་ཁྲོམ་གཞུང་དུ་མར་མེའི་ཁྲོམ་སྐོར་དང་སྐད་འབོད་བྱས་སོང་།
ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་༣ གྱི་དགོང་མོར་དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་བ་ལྔས་ཐུན་མོང་ཐོག་ནས་“བོད་འབྲི་རུ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་”ཞེས་པའི་ལས་འགུལ་ཞིག་མེག་གྷན་གྱི་ཁྲོམ་གཞུང་དུ་སྤེལ་བར། བོད་མི་རྒན་དར་གཞོན་གསུམ་བརྒྱ་ཕྲག་བརྒལ་བ་མཉམ་ཞུགས་བྱས་སོང་བ་དང་། དེ་ནི་ད་ལོའི་ཕྱི་ཟླ་༣ པའི་ཟླ་སྨད་དུ་རྒྱ་གར་གྱི་སྲིད་བློན་མོ་དྷིས་ཝུའུ་ཧན་ཏོག་དབྱིབས་བཀག་འགོག་ཆེད་དུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་པ་ནས་བཟུང་མར་མེའི་ཁྲོམ་སྐོར་ཆེས་ཆེ་ཤོས་དེ་ཆགས་འདུག
ཁྲོམ་སྐོར་སྐབས། མི་མང་ཚོས་ལག་ཏུ་སྒྲོན་མེ་དང་ལྷན་དུ་ཉེ་ཆར་རྒྱ་ནག་གི་ཉེན་རྟོག་པའི་མནར་གཅོད་འོག་གྲོངས་པའི་ལྷ་མོ་དང་། བཙོན་འོག་ཏུ་ཡོད་པའི་བསྟན་འཛིན་ཐར་པ། དེ་བཞིན་“ཞྭ་མོ་ནག་པོ་”ཞེས་པའི་གླུ་གཞས་བཏང་བར་བརྟེན་ནས་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གླུ་བ་ལྷུན་གྲུབ་གྲགས་པ་བཅས་ཀྱི་འདྲ་པར་ཐོགས་ནས་“གསོལ་འདེབས་བྱང་ཆུབ་སེམས་མཆོག་”སྐྱོར་བཞིན་མེག་གྷན་གྱི་ཁྲོམ་གཞུང་ལ་སྐོར་བ་གསུམ་བརྒྱབ་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་“དེ་རིང་ང་ཚོ་འདིར་འདུ་འཛོམས་བྱེད་དགོས་པ་དང་། མར་མེའི་ཁྲོམ་སྐོར་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གང་རེད་ཅེས་ཞུས་པ་ཡིན་ན། ༡༩༤༩ ལོ་ནས་མ་འདོད་བཞིན་དུ་དགྲ་བོ་རྒྱ་དམར་གཞུང་གིས་ང་རང་ཚོའི་བོད་སར་བཙན་འཛུལ་བྱས་པ་དང་། དེ་བཞིན་དགྲ་བོ་རྒྱ་དམར་གཞུང་གི་བཙན་འཛུལ་བྱས་པའི་ཉེར་ལན་ལ་བརྟེན་ནས་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་བ། དགོན་སྡེ་ཁག་གཏོར་བཅོམ་བྱས་པ། གཞིས་བྱེས་གཉིས་སུ་བོད་མི་གྱེས་སུ་བཅུག་པ། ད་ལྟའི་ཆ་ལ་མཚོན་པ་ཡིན་ན། ང་རང་ཚོའི་བོད་ཁམས་ཕྱོགས་ཀྱི་འབྲི་རུ་རྫོང་གི་ནང་ལ་དངོས་གནས་ཧ་ལས་པའི་ཛ་དྲག་གི་གནས་སྟངས་རེད། ང་རང་ཚོའི་ཁ་རྒྱུན་ནང་ལ་བཤད་སྡོད་པ་ནང་བཞིན་དམྱལ་བ་མི་ཡུལ་དུ་མྱོང་བཞིན་པའི་གདུག་རྩུབ་ཁོང་རྣམ་པ་ཚོས་མྱོང་བསྡད་ཀྱི་ཡོད་རེད་”ཅེས་ཐེངས་འདིའི་མར་མེའི་ཁྲོམ་སྐོར་གོ་སྒྲིག་ཞུ་དགོས་པའི་རྒྱབ་ལྗོངས་དང་རྒྱུ་མཚན་འགྲེལ་བརྗོད་གནང་སོང་།
མེག་གྷན་གི་སུམ་མདོར་སྤེལ་བའི་ལས་འགུལ་དེའི་ཐོག འདས་མོ་ལྷ་མོའི་སྤུན་མཆེད་བཀྲ་ཤིས་དོན་གྲུབ་ཀྱིས་ཀྱང་གཏམ་བཤད་ཅིག་གནང་སོང་བའི་ནང་། ཁོང་གིས་“ཐོག་མར་ངའི་གཅེན་མོ་རྒྱ་མིས་བསད་འདུག་ཅེས་པ་དེ་གོ་དུས། སོ་སོ་ལྟ་བུ་ཡིན་ན་ཡིད་མ་ཆེས་པ་དང་། སེམས་ལ་སྐྱོ་བ། སྡུག་བསྔལ་དེ་འདྲ་ཧང་སང་བ་བྱུང་སོང་”ཞེས་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོག་མར་ཐོས་པའི་མྱོང་ཚོར་འགྲེལ་བརྗོད་བྱས་སོང་མ་ཟད། “ངའི་གཅེན་མོ་ཡིན་ན། ཕྲུ་གུ་གསུམ་གྱི་ཨ་མ་རེད། དེ་འདྲ་ཡིས་རྒྱ་མི་ལ་གནོད་པ་སྐྱེལ་རྒྱུ་དང་། ཆབ་སྲིད་ལས་ཀ་དང་། ཁྲིམས་དང་འགལ་བའི་ལས་ཀ་དེ་འདྲ་རྐང་གཅིག་བྱེད་ཐུབ་ཀྱི་མ་རེད། ངའི་སྤུན་ཟླ་བསྟན་འཛིན་ཐར་པ་བཟུང་བ་ལ་བརྟེན་ནས་[ཉེན་རྟོག་པ་]མོའི་ནང་ལ་ཕྱིན་ནས་ནང་བསྔོགས་དུས། ༧རིན་པོ་ཆེའི་གསུང་ཆོས་དང་། ༧རིན་པོ་ཆེའི་སྐུ་པར་རྙེད་ནས་ཁོ་ཚོས་རྒྱག་རྡུང་བྱས་ནས་འདས་གྲོངས་བཏང་བ་རེད་”ཅེས་འགྲེལ་བརྗོད་བྱས་སོང་།
དེ་བཞིན་ད་ལྟའི་འབྲི་རུའི་ཛ་དྲག་གི་གནས་སྟངས་ཐད་ལ། ཁོང་གིས་“ད་ལྟའི་སྐབས་ལ་བུ་མོ་དེ་འདྲ་ཞིག་གནས་ཚུལ་མེད་པར་དེ་ལྟར་གསོད་ཀྱི་ཡོད་རེད། དེ་ལ་བརྟེན་ནས་ང་ཚོའི་ཕ་ཡུལ་གྱི་ད་ལྟའི་གནས་སྟངས་ཅི་འདྲ་ཞིག་ཡོད་མེད་དེ་ཁྱེད་རྣམ་པ་ཧ་ལམ་མཁྱེན་གྱི་རེད་དྲན་གི་འདུག དཔེ་ཆ་བཞག་པ་ཡིན་ན། ང་རང་འདྲ་བོ་ཡིན་ན། འདིར་བསླེབས་ནས་ལོ་ ༩ ཡིན། ཡིན་ན་ཡང་། ཕ་ཡུལ་གྱི་ནང་མི་གཅིག་པའི་སྤུན་ཟླ་ལ་འབྲེལ་བ་ཐེངས་གཅིག་ཀྱང་བྱུང་མྱོང་མེད། དེ་རིང་[གནས་ཚུལ་འདི་]གོ་དུས། མི་ལ་མི་བརྒྱུད་བྱས་ནས་གོ་ཡི་འདུག་”ཅེས་བཤད་པའི་ཁར། ཁོང་གི་སྤུན་མཆེད་བསྟན་འཛིན་ཐར་པ་དང་གླུ་བ་ལྷུན་གྲུབ་གྲགས་པ་གཉིས་གསོན་པོ་ཡོང་བའི་ཐོག་ལ་ནུས་ཐོགས་འདོན་པའི་རེ་སྐུལ་དང་། བོད་རྒྱལ་ཁབ་ཆེན་པོ་སླར་གསོ་ཡོང་བའི་སྨོན་འདུན་བྱས་མཐར། “བོད་རང་བཙན་ཁྲི་ལོ་བརྟན་པར་ཤོག་”ཅེས་འབོད་ཚིག་ཐེངས་གསུམ་བསྒྲགས་པར། དེར་འཛོམས་པའི་མི་མང་ཚོས་ཀྱང་སྐད་ཤུགས་ཆེན་པོས་“ཁྲི་ལོ་བརྟན་པར་ཤོག་”ཅེས་འབོད་ལན་བརྒྱབ་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།