འབྲུག་ཏུ་དགེ་སློང་མ་བསྒྲུབ་འཆར་ཐད་ཀྱི་བསམ་ཚུལ་བཅུ།

རྫ་ཚེ་རིང་བཀྲ་ཤིས།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །

གུས་པས་དེ་རིང་ཌར་ཀྲར་བཀྲ་ཤིས་བཟང་མོ་ཞེས་པའི་མཚན་ཐོག་ནས་བྲིས་པའི་འབྲུག་ཨ་ནེ་གཞི་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ཤིག་མཐོང་བྱུང་། གསལ་བསྒྲགས་དེར་རྫོང་ཁའི་སྐད་དུ། ༼ ང་བཅས་ར་མམ་སྲུ་ཚུ་བསྐལ་བཟང་གི་གོ་སྐབས་མེད་པར་མི་ལོ་བརྒྱ་ཕྲག་ལས་བཅད་དེ་ལུས་ཡོད་རོང་། ད་རེས་བསོད་ནམས་བྲེ་གིས་རྫོགས་རུང་། །ཕུད་ཀྱིས་མ་རྫོགས་ཟེར་བའི་དཔེ་བཟུམ་སྦེ་ ༽ ཞེས་དང་། ༼ རྗེ་མཁན་རིན་པོ་ཆེ་ཁྲི་རབས་༧༠ པ་མཆོག་དང་། དཔལ་མི་དབང་རྒྱལ་ཡུམ་ཚེ་རིང་དབྱངས་སྒྲོན་དབང་ཕྱུག་རྣམ་གཉིས་ཀྱིས་སྤྱིར་བསྟན་འགྲོ་ཡོངས་དང་ལྷག་པར་དུ་ ང་བཅས་ཨམ་སྲུ་ཚུ་ལུ་ཐུགས་བརྩེ་མཚུངས་པ་མེད་པའི་སྒོ་ནས་གཟིགས་ཏེ་ བསྟན་པའི་པའི་སྦྱིན་བདག་མཛད་གནང་ནི་དང་། ༽ ཞེས་དང་། དེ་ནས་རྗེ་མཁན་རིན་པོ་ཆེ་མཆོག་གིས་བསྟན་པའི་མེ་རོ་སླར་གསོ་བའི་ཆེད་དུ་ཐུགས་དགོངས་པ་བླ་ན་མ་མཆིས་པ་ཅིག་བཞེས་སྟེ། སྤྱི་ཚེས་༢༡/༦/༢༠༢༢ ལུ་དགེ་སློང་མའི་སྡོམ་པ་གནང་ནི་གཏན་འཁེལ་སོང་ཡོད་པ་ལས། ཞེས་སོགས་བྲིས་འདུག །

གོང་གི་དོན་མདོར་བསྡུས་ན། ང་ཚོ་འབྲུག་པའི་བུད་མེད་ཚོར་དེ་སྔོན་བསྐལ་བཟང་གི་གོ་སྐབས་མེད་པ་ལས། ད་ཆ་༧རྗེ་མཁན་པོ་དང་། རྒྱལ་ཡུམ་ཚེ་རིང་དབྱངས་སྒྲོན་དབང་ཕྱུག་རྣམ་གཉིས་ཀྱི་དྲིན་ལས། ༧རྗེ་མཁན་པོ་མཆོག་གིས་དགེ་སློང་མའི་སྡོམ་པ་གནང་གཏན་ཁེལ་ཡོད་པ་དང་། དེ་ཡང་སྤྱི་ཟླ་དྲུག་པ་འདིར་བསྒྲུབ་རྒྱུ་ཡིན་ཞེས་པའི་དོན་རེད་འདུག །གསལ་བསྒྲགས་འདི་མཇལ་བ་དང་བསམ་ཚུལ་ཞིག་བརྗོད་འདོད་སྐྱེས།

ལར་ང་རང་ཉིད་ལ་མཚོན་ན། ཕར་བལྟས་ཚོད་ལ་འདུལ་བ་དང་འབྲེལ་བའི་ཕྱག་ལེན་ཐད་དངོས་སུ་བསམ་ཚུལ་ཞུ་རྒྱུ་དེ་འོས་འགན་གཙོ་བོ་མིན་པ་ལྟར་སྣང་རུང་། རང་ཉིད་མི་ཚེ་འདིར་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་ཅུང་ཟད་མྱོང་མཁན་ཞིག་ཡིན་པ་དང་། ནམ་རྒྱུན་སྤྱི་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་དཔྱད་ཞིབ་དང་བསམ་ཚུལ་འོས་འཚམས་འདོན་རྒྱུ་དེ་རང་ཉིད་སྨྱུག་ཐོགས་པ་ཞིག་ཡིན་པའི་ངོས་ནས་ཆོས་དང་རིག་གཞུང་ལ་ཞབས་ཏོག་ཅིག་ཡིན་པའི་འདོད་ཚུལ་འཛིན་མཁན་ཞིག་ཡིན་པའི་ཆ་ནས་གང་ལྟར་ད་ཐེངས་ཡང་རང་གི་བསམ་ཚུལ་ཅུང་ཟད་ཅིག་བརྗོད་རྒྱུ་ཡིན།

དེ་ཡང་ཁ་གསལ་གོ་བདེ་ཡོང་ཆེད་ཁ་ཐུག་དོན་ཚན་དུ་བགོས་ནས་ཞུ་རྒྱུ་ཡིན།

གཅིག ༽ བོད་བརྒྱུད་ནང་བསྟན་ཁྲོད་དུ་དགེ་སློང་མའི་སྡོམ་རྒྱུན་བྱུང་མྱོང་ཡོད་མེད་དང་། དེ་དག་གི་ཁུངས་དང་། བསླབ་པ་འབོག་སྟངས་སོགས་ད་དུང་ཁ་གསལ་ཆགས་མེད་ལ། ཞིབ་འཇུག་གི་གྲུབ་དོན་གཅིག་གྱུར་ཞིག་ཀྱང་མེད།

དགེ་སློང་མ་དང་འབྲེལ་བའི་ཡིག་འཇོག་ཙམ་ཡང་ཧ་ཅང་ཉུང་། དཔེར་ན་ BDRC ནང་བསྟན་དཔེ་མཛོད་ཆེན་མོ་ལྟ་བུའི་ནང་དུའང་། དགེ་སློང་མའི་སྔོན་འགྲོར་དགོས་པའི་དགེ་སློབ་མ་དང་འབྲེལ་བའི་བསླབ་པ་འབོག་ཆོག་སོགས་གཅིག་ཀྱང་རྙེད་དུ་མེད། ལར་དགེ་སློང་མ་མེད་པར་དགེ་སློབ་མའི་སྡོམ་པ་ནི་ཡོང་ཐབས་མེད་པ་ཞིག་རེད། དེ་ནི་ངོས་གཅིག་རེད། ངོས་གཞན་ཞིག་ནས་ང་ཚོས་ད་བར་ཤེས་རྟོགས་ཡོད་པ་དང་། ང་ཚོའི་མི་རབས་འདིར་ཡོད་པའི་སྐྱེས་ཆེན་འདུལ་འཛིན་ཆེན་པོ་སུ་ཞིག་གིས་ཀྱང་རང་འཚམ་གྱིས་དགེ་སློང་མའི་སྡོམ་པ་གནང་མེད། ཁོང་ཚོར་སྙིང་རྗེ་མེད་པ་དང་འདུལ་བའི་མཁྱེན་རྟོགས་མེད་པས་མིན་ཡང་གང་ལྟར་གནང་མེད། འདི་ལའང་གནད་འགག་ཅིག་ལོས་ཡོད།

འདུལ་བའི་བསྟན་པ་ལ་གཙིགས་སུ་འཛིན་ཅིང་། རྒྱལ་སྤྱིའི་རང་དབང་དང་། ཕོ་མོ་འདྲ་མཉམ་སོགས་ཀྱི་ཐད་དགོངས་པ་ཆེན་པོ་བཞེས་མཁན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་། དགེ་བཤེས་མ་ཐོན་རྒྱུ་སོགས་བཙུན་མའི་ལས་འཆར་དག་ལ་དབུ་ཁྲིད་ཀྱི་ནུས་པ་ཆེན་པོ་བཏོན་ཡོད་ཀྱང་། དགེ་སློང་མའི་སྡོམ་རྒྱུན་དང་འབྲེལ་བའི་ཐད་ནས་ཁོང་གིས་དབང་ཚད་ཆ་ཚང་དགེ་འདུན་གྱི་སྡེ་ལ་ཡོད་དགོས་པ་ལས་ཆོས་ཀྱི་དབུ་ཁྲིད་བྱེ་བྲག་པར་ཡོད་མི་འོས་གསུངས་ཡོད། ཆབ་སྲིད་ཀྱི་དབུ་ཁྲིད་ལ་ནི་དེ་བས་ཀྱང་ཡོད་མི་སྲིད་པ་ཞིག་རེད།

དགེ་སློང་མའི་སྡོམ་བརྒྱུད་དང་འབྲེལ་བའི་ཐད། བོད་བརྒྱུད་ནང་བསྟན་སྤྱི་ཡོངས་ཀྱི་ཁ་ཕྱོགས་ལ་ཐག་གཅོད་གནང་མཁན་གྱི་གང་ཟག་སྒེར་པ་ཞིག་ཡོད་པའི་དབང་དུ་བཏང་ན་དེ་ནི་༧གོང་ས་མཆོག་ལས་ལྷག་པ་ཞིག་མེད་པ་ལྟར་ཡིན་ན་ཡང་། ཁོང་གིས་ཀྱང་། ཕ་ཚོགས་ཁོ་ནས་དགེ་སློང་མ་བསྒྲུབ་དགོས་མིན་འདི་འདུལ་བ་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས་ཕྱོགས་བཅུའི་དགེ་སློང་གི་དགེ་འདུན་གྱིས་ཐག་གཅོད་དགོས། ངོས་སྒེར་ལ་འདིའི་ཐད་འདི་ཆོག་དང་འདི་མི་ཆོག་ཅེས་སྐད་ཆ་བཤད་རྒྱུའི་དབང་ཚད་མེད་ཅེས་གསུངས་པ་རེད། བཀའ་མོལ་འདི་ཧ་ཅང་གལ་འགངས་ཅན་ཞིག་ཡིན་ངེས།

གཉིས། ༽ གལ་ཏེ་ཕ་ཚོགས་ཁོ་ནས་དགེ་སློང་མ་བསྙེན་པར་རྫོགས་པ་ནི་སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་རུང་བ་ཙམ་གྱི་བཤད་ཚུལ་ཡོད་མོད། དེའང་དོན་ལ་ནི་རྩོད་པ་དང་བཅས་པ་ཞིག་སྟེ། གོང་ཞུས་ལྟར་འདས་པའི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་། འཕགས་ཡུལ་དུ་༧གོང་ས་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་འདུལ་འཛིན་དང་། མཁས་པ་རྣམས་མཉམ་དུ་འཛོམས་ནས་འདིའི་ཐད་ཚོགས་འདུ་དང་གོ་བསྡུར་ཞིབ་འཇུག་སོགས་ཡང་ཡང་བྱས་ཀྱང་གཅིག་མཐུན་གྱི་གྲུབ་དོན་ཞིག་རྙེད་མེད།

གསུམ།༽ དེ་ཡང་ཆབ་སྲིད་ཀྱི་ཆ་ནས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། སོ་སོའི་སྐད་ཡིག་རིག་གཞུང་ཆོས་ལུགས་དང་བཅས་པར་འཛིན་སྐྱོང་དོ་དམ་བྱེད་པའི་དབང་ཚད་ཆ་ཚང་ཡོད་ན་ཡང་། དེ་དག་གི་གཞི་རྩའི་འགྲོ་ལུགས་ལ་ནི་རྒྱལ་པོས་ཀྱང་ཐད་ཀར་རལ་གྲི་གནམ་གཡུགས་ཀྱིས་ཐག་གཅོད་ཆོག་པ་ཞིག་མིན། དམར་ཕྱོགས་རྒྱ་ནག་གཞུང་གིས་དེང་སང་ནང་བསྟན་ཀྲུང་གོ་ཅན་ཞེས་ནང་བསྟན་གྱི་འགྲོ་ལུགས་ཡོད་ཚད་གཞུང་གི་བསམ་ཚུལ་དང་། དབུ་ཁྲིད་ཀྱི་ཐག་གཅོད་ལྟར་བསྒྱུར་དགོས་པ་ཡོད་པ་ལས་རང་དབང་མངས་གཙོའི་རྒྱལ་ཁབ་དང་། ཁྱད་པར་དཔལ་ལྡན་འབྲུག་པའི་རྒྱལ་པོ་ལྟ་བུ་དཀོན་མཆོག་གསུམ་ལ་བླ་མར་བྱེད་ཅིང་། ལུགས་གཉིས་ཀྱི་མཁྱེན་རྒྱ་མཁའ་ལྟར་ཡངས་པ་དག་གིས་ནི་དོན་དག་འདི་རིགས་ཀྱི་ཐད། ང་རྒྱལ་པོ་ཡིན། འདི་ངའི་བཀའ་ཡིན་ཞེས་ཟེར་ནས་རྒྱལ་པོའི་བཀའ་ཡིས་འདུལ་བའི་འགྲོ་ལུགས་ལ་ཐག་གཅོད་བྱེད་མི་སྲིད་ལ་འོས་ཀྱང་མི་འོས།

རྒྱལ་པོའི་ནང་མི་ལྟ་བུར་གཞན་གྱི་ཞུ་སྐུལ་བརྒྱུད་རྒྱལ་པོས་གནས་ཚུལ་ཕྱོགས་ཡོངས་ལ་དགོངས་པ་མ་འཁོར་བའི་བཀའ་གནང་དེ་འདྲ་བྱུང་ཡོད་སྲིད་ནའང་། དེ་ཡང་དུས་རབས་ཉེར་གཅིག་པའི་འཛིན་སྐྱོང་གི་ལས་དོན་ཞིག་ལ་མི་མང་གི་བསམ་ཚུལ་དང་། དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་ནས་བསྐྱར་ཞིབ་མི་ཆོག་པ་ཞིག་མེད་པས། ངས་བསམ་ན་ཟླ་བ་འདིའི་ནང་དགེ་སློང་མ་སྒྲུབ་རྒྱུ་ཟེར་བ་དེའང་གལ་ཏེ་རྒྱལ་པོའི་བཀའ་འབྲེལ་ཡིན་པའི་དབང་དུ་བཏང་ཡང་། གནས་སྐབས་ངང་འཐེན་གནང་ཐོག །ཡང་བསྐྱར་དགོངས་པ་གཏིང་ཟབ་བཞེས་ནས་འབྲེལ་ཡོད་ཕྱོགས་ཡོངས་ལ་གོ་བསྡུར་དང་། དགེ་འདུན་པའི་སྡེ་ཡོངས་ཀྱི་དགོངས་འཆར་བསྡུ་ལེན་སོགས་ཀྱི་སྡིངས་ཆ་བསྐྲུན་དགོས།

སྤྱིར་གུས་པས་ནམ་རྒྱུན་འབྲུག་ཡུལ་དུ་དགེ་འདུན་པ་ཆབ་སྲིད་ལ་ཞུགས་མི་ཆོག་པ་སོགས་ཀྱི་གནང་སྟངས་མང་པོ་ཞིག་ལ་གུས་མོས་ཆེན་པོ་ཞུ་གིན་ཡོད་ན་ཡང་། དགེ་འདུན་པའི་གཞི་རྩའི་ཆོས་ཕྱོགས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུ་དེ་རྒྱལ་ཁྲིམས་དང་མི་འགལ་ཕྱིན་ཆད་ཆོས་ཀྱི་ཉམས་ལེན་དང་འགྲོ་སྟངས་མང་པོ་ཞིག་དགེ་འདུན་པ་རང་གི་འགྲོ་ལུགས་ལ་བརྩི་བཀུར་དགོས་པ་ལས། གཞུང་དང་། རྒྱལ་པོའི་ཕོ་བྲང་གི་མི་སོགས་ཀྱིས་འབྲེལ་བ་དང་དམིགས་བསལ་གྱི་ཆེ་མཐོང་སྤྱད་ནས་བཀའ་གནང་ཆོག་པ་ཞིག་དང་གནང་འོས་པ་ཞིག་གཏན་ནས་མིན། དེ་ནི་དོན་གྱིས་དཔལ་ལྡན་འབྲུག་པའི་ཆོས་ཀྱི་རྒྱལ་པོའི་ངང་ཚུལ་དང་ཡང་མི་མཐུན་པར་འགྱུར་སྲིད།

བཞི།༽ འཛམ་བུ་གླིང་འདིའི་བོད་བརྒྱུད་ནང་བསྟན་དང་། ཨོ་རྒྱན་ཆེན་པོའི་ཁྱད་པར་གྱི་གདུལ་ཞིང་དམིགས་བསལ་ཞིག་ཡིན་པའི་ཆ་ནས་ང་ཅག་བསྟན་པ་འདི་ལ་གློ་བ་ཉེ་བ་ཐམས་ཅད་ཀྱི་སེམས་ན་ཡང་འབྲུག་ཡུལ་ནི་ཤིན་ཏུ་གཅེས་ཤིང་སྨར་བ་ཞིག་ལགས་མོད། སངས་རྒྱས་ཀྱི་བསྟན་པ་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་སྤྱིའི་ངོས་ནས་ནི་དཔལ་ལྡན་འབྲུག་པའི་ཆོས་གྲོགས་དག་ཀྱང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། དེའི་ནང་ནས་གཙོ་བོ་བཀའ་རྙིང་གཉིས་ཀྱི་ཁོངས་སུ་འདུས་པ་ཞིག་ཡིན་པས་དེ་དག་ནི་སྤྱི་ཡོངས་ཀྱི་རྒྱལ་བའི་བཀའ་དང་། མཁས་པའི་བསྟན་བཅོས། རྩ་བའི་བླ་མ་རྣམ་པའི་དགོངས་པ་བཅས་ལ་བསྟུན་ནས་བསྟན་པ་སྤྱི་བཙན་གྱི་འགྲོ་ལུགས་གཉེར་རྒྱུ་ལས་ལྟོས་མེད་ཀྱི་ལམ་ཁ་གཞན་པ་ཞིག་མེད།

ལྔ། ༽ ༧རྗེ་མཁན་པོ་ལྟ་བུར་མཚོན་ན་ཡང་། རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་གི་ཆོས་ཀྱི་དབུ་ཁྲིད་མཐོ་ཤོས་གཅིག་པུ་དེ་ཡིན་པ་ཤིན་ཏུ་ངེས་ལ་གུས་མོད། རྒྱལ་ཁབ་ཀྱི་ཆོས་ཕྱོགས་ཀྱི་འཛིན་སྐྱོང་གི་ངོས་ནས་༧རྗེ་མཁན་པོ་ལས་ཆེ་བ་མེད་ཀྱང་། དེས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཀྱི་དབུ་ཁྲིད་མཐོ་ཤོས་ཀྱི་གནས་བབ་མཚོན་གྱི་མེད་ལ། ཁོང་གི་དབང་ཚད་ཀྱི་ཁྱབ་ཁོངས་སུ་བོད་བརྒྱུད་ནང་བསྟན་སྤྱི་ཕར་ཟད། འགྲོ་མགོན་བཀའ་བརྒྱུད་པ་སྤྱི་དང་འབྲེལ་བའི་གནད་དོན་གལ་པོ་ཆེའི་རིགས་ཙམ་ལའང་རང་འཚམ་གྱིས་ཐག་གཅོད་གནང་བའི་སྐུ་དབང་མེད།

མ་གཞི་ནས་རྒྱལ་ཁབ་བྱེ་བྲག་པའི་ཆོས་ཀྱི་དབུ་ཁྲིད་དག་གི་ལས་འགན་ཡང་། མངའ་འོག་ཏུ་ཆོས་དང་འབྲེལ་བའི་འཛིན་སྐྱོང་དང་། སྒྲིག་གཞི་དོ་དམ་སོགས་ཀྱི་ལས་འགན། ཡང་ན་མཚོན་རྟགས་ཀྱི་དབུ་ཁྲིད་གནང་བ་ལས་ཆོས་བརྒྱུད་སྒེར་གྱི་དབང་ལུང་ཁྲིད་གསུམ་དང་སྡོམ་རྒྱུན་སོགས་ཀྱི་བརྒྱུད་པ་ལེན་སྟངས་དང་སྤེལ་སྟངས་སོགས་ལ་ཆོས་ཀྱི་དབུ་ཁྲིད་དེས་རང་གི་དབང་ཚད་སྤྱད་ནས་འགྱུར་བ་གཏོང་བ་དང་ཐེ་གཏོགས་བྱེད་པ་སོགས་མི་འོས་པ་ཡིན། །

དཔེར་ན། ༧གོང་ས་མཆོག་ལྟ་བུས་ཀྱང་ཁོང་གི་སར་རང་འགུལ་གྱིས་དགེ་ཚུལ་སློང་གི་སྡོམ་པ་ཞུ་བ་དང་། དབང་ལུང་ཞུ་སར་ཚུར་བཅར་ན་དེར་ཟད། གཞན་ཆོས་བརྒྱུད་སོ་སོའི་བྱེ་བྲག་གི་སྡོམ་པ་གསུམ་དང་འབྲེལ་བའི་བརྒྱུད་པའི་འགྲོ་སྟངས་ལ་དམིགས་བསལ་ཐེ་གཏོགས་གནང་མི་སྲིད་ལ། གནང་ནའང་དེ་བཞིན་ལམ་ལྷོངས་ཡོང་བ་ཞིག་ཡིན་པར་ཡིད་ཆེས་ཞུ་གིན་མེད། འཇམ་མགོན་མི་ཕམ་པས་མཛད་པའི་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། དེ་ཕྱིར་ཕྱི་རོལ་མུ་སྟེགས་ཚུན། །རྒྱལ་པོའི་ཡུལ་ན་གང་གནས་པའི། །གནའ་བོའི་གྲུབ་མཐའ་རང་རང་གི། སྔ་ཚུལ་དེ་བཞིན་རྒྱལ་པོས་བསྲུང་། །ཕན་ཚུན་བསྲེ་བར་མི་བྱ་ལ། ། ཕན་ཚུན་གནོད་དུ་མི་འཇུག་པར། །སོ་སོར་མ་ཉམས་བསྐྱང་བ་ན། །སྐྱེ་རྒུ་སྐྱོང་བའི་ཚུལ་ལུགས་ཡིན། །ཞེས་གསུངས་པའི་དགོངས་པའང་དེ་ཡིན།

ད་དུང་དཔེར་ན། སོག་ཡུལ་དུ་ཁལ་ཁ་རྗེ་བཙུན་དམ་པའམ། ད་ལྟའི་ཆར་སོག་དགའ་ལྡན་དགོན་པའི་མཁན་པོ་ནོ་མིན་ཧན་ཆོས་ཀྱི་རྒྱ་མཚོ་ལྟ་བུར་མཚོན་ན་ཡང་། ཁོང་ལ་སོག་རྒྱལ་ཁབ་ནང་ཁུལ་གྱི་ཆོས་དོན་གྱི་དབང་ཚད་ཆེ་ཤོས་ཡོད་པ་ཁས་ལེན་མོད། དེ་རྒྱུ་མཚན་དུ་བྱས་ནས་བོད་བརྒྱུད་ནང་བསྟན་ནམ། རི་བོ་དགེ་ལུགས་པའི་བསྟན་པ་སྤྱི་དང་འབྲེལ་བའི་རྣམ་བཞག་ལ་རང་འཚམ་གྱིས་ཐག་གཅོད་བྱེད་པའི་སྐུ་དབང་ཞིག་མེད།

གལ་ཏེ་སོག་པོའི་མཁན་པོས་ཁོང་ཉིད་རྒྱལ་ཁབ་གྱི་ཆོས་ཀྱི་དབུ་ཁྲིད་ཡིན་པའི་རྒྱུ་མཚན་གྱིས་རང་འཚམ་གྱིས་རི་བོ་དགེ་ལུགས་པའི་གདན་ས་གསུམ་སོགས་ཀྱི་བསམ་ཚུལ་ལ་ལྟོས་མེད་ཀྱི་སྡོམ་རྒྱུན་ལ་ཐུག་པ་ལྟ་བུའི་གནད་དོན་གལ་ཆེན་ཞིག་ཐག་གཅོད་ཅིག་བྱས་ན། དེར་རི་བོ་དགེ་ལུགས་པས་དང་ལེན་བྱ་མི་སྲིད་ལ། གནད་དོན་དེ་རིགས་རྒྱལ་ཁབ་ཕན་ཚུན་བར་གྱི་དོན་དག་ཅིག་མིན་པར་ཆོས་དང་འབྲེལ་བའི་བླ་སློབ་བར་གྱི་དོན་དག་ཅིག་དང་། བསྟན་པའི་ཁྱབ་ཁོངས་ཀྱི་གནད་དོན་ཡིན། ཁྱབ་ཁོངས་འདི་གཉིས་མཉམ་བསྲེ་བྱ་ཐབས་མེད། འདི་ཧ་ཅང་གལ་ཆེན་པོ་ཞིག་ཡིན།

དྲུག །༽ ད་དུང་ཞིབ་ཙམ་ཞུས་ན། དེ་ཡང་ཆོས་བརྒྱུད་ཀྱི་ངོས་ནས་ནི་༧རྗེ་མཁན་པོ་ཉིད་ཀྱང་། བླ་མ་བརྒྱུད་པའི་དབང་དུ་བཏང་ན། འགྲོ་མགོན་བཀའ་བརྒྱུད་པར་གཏོགས་པ་ལས་འོས་མེད་མོད། གལ་ཏེ་ད་ཐེངས་དགེ་སློང་མ་སྒྲུབ་པ་འདི་༧རྗེ་མཁན་པོ་རང་གིས་ཐུགས་ཐག་བཅད་པ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་ནི་བོད་བརྒྱུད་ནང་བསྟན་སྤྱི་དང་བཀའ་བརྒྱུད་སྤྱིའི་དགོངས་ཚུལ་ཡང་མཚོན་མི་ཐུབ་ལ། ཐ་ན་འབྲུག་པ་བཀའ་བརྒྱུད་ཆ་ཚང་གི་དགོངས་ཚུལ་ཡང་མཚོན་དཀའ། འབྲུག་པ་བཀའ་བརྒྱུད་མང་ཆེ་བ་འབྲུག་རྒྱལ་ཁབ་ཀྱི་ཁོངས་སུ་མི་གཏོགས་པས། དེར་རྗེ་མཁན་པོའི་བཀའ་ལུང་གིས་མི་ཁྱབ། ཁྱབ་པའི་དབང་དུ་བཏང་ཡང་དེ་དག་ལ་གོ་བསྡུར་བྱས་ནས་མོས་མཐུན་བྱུང་བ་མིན་པར་ཆོས་ཀྱི་དབུ་ཁྲིད་དང་། བླ་མའི་གོ་གནས་ཀྱི་གནས་བབ་སྤྱད་ནས་ཕར་བཀའ་ཕབ་པ་ཞིག་ཆགས་སོང་ན། དེ་ནི་གསང་སྔགས་ཀྱི་སྐབས་སུ་ཆོག་པ་ཞིག་ཡིན་སྲིད་མོད། འདུལ་བ་དང་མང་གཙོའི་འགྲོ་སྟངས་གཉིས་ཀ་མིན་པ་ནི་སུས་ཀྱང་མཁྱེན་ངེས།

བདུན།༽ ཡང་དེང་སང་སྤྱིར་བུད་མེད་ལ་དགེ་སློང་མའི་སྡོམ་པ་གནང་འོས་པར་བཤད་མཁན་མང་པོ་ཡོད་པ་དང་། དེང་དུས་ཀྱི་ཕོ་མོ་འདྲ་མཉམ་གྱི་ལྟ་བའི་ཐོག་ནས་ནུབ་ཕྱོགས་པའི་བཙུན་མ་འགས་སྣེ་ཁྲིད་དེ་ལས་ཀ་བྱེད་པ་སོགས་མཐོང་རྒྱུ་ཡོད། འདི་ངས་ཀྱང་མ་མཐོང་བ་ཞིག་མིན།

སྤྱིར་བུད་མེད་ལ་དགེ་སློང་མ་སྒྲུབ་རྒྱུའི་བསྐལ་བ་ཡོད་ན་དེ་ནི་ཧ་ཅང་བཟང་མོད། དེ་ནི་ལོ་རྒྱུས་དང་དངོས་ཡོད་ཀྱི་ཆ་རྐྱེན། དེ་བཞིན་འདུལ་བའི་དགོངས་དོན་གཞིར་བཞག་གིས་ཐག་གཅོད་དགོས་པ་ལས་ཕོ་མོ་འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཀྱི་རྒྱལ་ཁའི་ཆེད་དུ་དགེ་སློང་མར་སྒྲུབ་ཆོག་ཆོག་ཅིག་མིན་ངེས།

དགེ་སློང་མ་སྒྲུབ་པ་ནི་ངེས་འབྱུང་གི་བསམ་པས་ཡིན་དགོས་པ་ལས་ཐོབ་ཐང་རྩོད་པའི་ཆེད་དུ་ནི་གཏན་ནས་ཡིན་མི་འོས་ཏེ། སངས་རྒྱས་ཀྱིས་གཅུང་དགའ་བོ་ལ་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཆེད་དུ་རབ་ཏུ་བྱུང་བར་རྣམ་པ་དུ་མས་སྨད་ཅིང་། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ཞིག་དགོས་པར་གསུངས་ཡོད་པ་འདེ་རབ་བྱུང་བསྙེན་རྫོགས་ཀྱི་གཞི་རྩའི་ཀུན་སློང་གི་ཆ་རྐྱེན་ཡིན་པ་དེ་ཚང་མས་མཁྱེན་བཞིན་པ་ལྟར་ཡིན་སྟབས། འགྲོ་བ་མིའི་ཐོབ་ཐང་དང་། ཕོ་མོ་འདྲ་མཉམ་སོགས་ཀྱིས་སོར་བྱང་སྔགས་གསུམ་གང་ལ་ཡང་མཐའ་གཅིག་ཏུ་ཞུས་དག་གཏོང་ཆོག་པ་ཞིག་མིན་ལ། ཞུས་དག་དགོས་པ་ཞིག་ཀྱང་མིན།

ལར་ནས་ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་སུ་ལྟོས་ས་ལྟོས་འཇོག་གིས་ཕོ་མོ་འདྲ་མཉམ་སོགས་ཀྱི་གནས་བབ་ཡག་ཐག་ཆོད་འདུག ། ཕོ་མོ་འདྲ་མཉམ་བཤད་མཁན་ནུབ་ཕྱོགས་སྤྱི་ཚོགས་སུ་ནི་དེ་ལས་ལྡོག་སྟེ། ཡེ་ཤུའི་ཆོས་དཔོན་ལྟ་བུའང་བུད་མེད་ཀྱིས་གཏནས་བྱེད་མི་ཆོག་པ་སོགས་ཀྱི་གནས་བབ་འདི་ད་ལྟའང་རྒྱ་ཁྱབ་ཏུ་གནས་མུས་ཡིན། འདི་ནི་ཞར་བྱུང་ཙམ་ཡིན་མོད། གལ་ཏེ་ད་ཐེངས་གློ་བུར་དུ་དགེ་སློང་མའི་སྡོམ་འབོག་རྒྱུའི་ཐག་གཅོད་ཅིག་བྱུང་བ་འདིར་རྒྱབ་ལོགས་སུ་རྣམ་དཀར་དོན་གཉེར་གྱི་བཙུན་མ་དག་གི་བཅོས་མིན་གྱི་ཞུ་གསོལ་ལས་གཞན་པའི་ཆབ་སྲིད་ཐོབ་ཐང་རྩོད་མཁན་གྱི་ལག་པ་རེ་བསྲིངས་ཡོད་མི་སྲིད་པ་མིན་པས་འདིའང་ཆེན་པོ་དག་གི་ངོས་ནས་ངེས་པར་དུ་ཐུགས་ལ་འཁོར་དགོས་པ་ཞིག་ཡིན།

བརྒྱད། ༽ ད་དུང་དངོས་ཡོད་གནས་སྟངས་ཤིག་ཁ་ཁོག་མེད་པར་ཞུས་ན། འབྲུག་ཡུལ་ནི་ད་ལྟའང་རྒྱལ་ལྡན་གྱི་རྒྱལ་ཁབ་ཡིན་པས་ཁྲིམས་ཐོག་ནས་དམངས་གཙོ་གནང་ཡོད་མེད་ལ་མ་ལྟོས་པར། བླ་མ་དང་རྒྱལ་པོའི་ཕོ་བྲང་དང་འབྲེལ་བའི་ལས་དོན་ཞིག་ལ་ཐད་ཀར་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་རིགས་ཞུ་རྒྱུའི་སྤོབས་པ་ཡོད་མཁན་ཉུང་ཉུང་ཡིན་པ་ཚོད་དཔག་ཐུབ་པ་ཞིག་རེད། གནས་སྟངས་འདི་བོད་ཀྱི་སྤྱི་ཚོགས་སུའང་ཡོད་བཞིན་པ་ཡིན།

དེས་ན་སྨྱུག་ཐོགས་པའི་ངོས་ནས་༧རྗེ་མཁན་པོ་ནི་གཞུང་འབྲེལ་གྱི་ཆོས་ཀྱི་དབུ་ཁྲིད་མཐོ་ཤོས་ཡིན་པས་དེས་ཐག་བཅད་པར་མཉམ་ཞུགས་མི་བྱེད་པ་དང་། བསམ་ཚུལ་མ་འདྲ་བ་འདོན་རྒྱུའི་ཁོར་ཡུག་འབྲུག་རང་དུ་ཚད་བཀག་ཡོད་སྲིད་པར་སྙམ་གྱི་ཡོད། དེའི་དབང་གིས་ཁོང་རྣམ་པར་མཁྱེན་འདོད་ཡོད་དུ་ཆུག་ཀྱང་སྤྱི་འབངས་ཀྱི་བསམ་ཚུལ་ཚད་ལྡན་མཁྱེན་རྒྱུར་བརྒྱུད་ལམ་གྱི་དཀའ་ངལ་ཡོད། དེ་འདྲའི་ཁོར་ཡུག་ཅིག་ལ་མཚོན་ན། དབུ་ན་བཞུགས་མཁན་ཚོས་ཐག་གཅོད་ཡང་དག་པ་ཞིག་གནང་ན་ནུས་པ་གཞན་ལས་ཆེ་ལ། ཐག་གཅོད་ནོར་བ་ཅན་ཞིག་བྱས་ན་ཉེན་ཁའང་གཞན་ལས་ཆེ། འདི་ལའང་ཐོག་མ་ནས་དགོངས་པ་གཏིང་ཟབ་བཞེས་དགོས།

དགུ། ༽ ༧རྗེ་མཁན་པོས་སྤེལ་བའི་དགེ་སློང་མའི་སྡོམ་རྒྱུན་ཞིག་བྱུང་བའི་དབང་དུ་བཏང་ན། དེས་བོད་བརྒྱུད་ནང་བསྟན་གྱི་དགེ་སློང་མའི་སྡོམ་རྒྱུན་གྱི་ཚབ་བྱེད་རྒྱུ་ཡིན་ནམ། ཡང་ན་འབྲུག་རྒྱལ་ཁབ་ཀྱི་དགེ་སློང་མའི་སྡོམ་རྒྱུན་གྱི་ཚབ་བྱེད་རྒྱུ་རེད། གལ་ཏེ་འབྲུག་རྒྱལ་ཁབ་ཀྱི་དགེ་སློང་མའི་སྡོམ་རྒྱུན་གྱི་ཚབ་བྱེད་དགོས་ན། དེར་འབྲུག་པའི་བཙུན་མ་ཡོངས་ཀྱིས་དང་ལེན་དགོས་པ་ཞིག་ཏུ་འགྱུར་རྒྱུ་དང་། དེ་ཙ་ན། འབྲུག་ཡུལ་གྱི་བཀའ་བརྒྱུད་ལས་གཞན་པའི་ཆོས་བརྒྱུད་དག་གི་བཙུན་མ་ཚོས་རང་དབང་གིས་མཉམ་ཞུགས་གནང་མིན་ཐེ་ཚོམ་གྱི་གནས་ཡིན། མཉམ་ཞུགས་མ་བྱས་ན་ནི་གཞུང་ཕྱོགས་ཀྱི་ཆོས་ཀྱི་དབུ་ཁྲིད་ཀྱི་གནང་ཕྱོགས་ལ་ངོས་ལེན་མ་བྱས་པའི་མཐོང་ཚུལ་དང་གནོན་ཤུགས། ལྟ་སྟངས་མི་ལེགས་པ་བཅས་ཡོང་སྲིད། གནོན་ཤུགས་ལ་སྐྲག་ནས་མཉམ་ཞུགས་བྱས་པ་ཡིན་ན་དེ་ནི་གོང་ཞུས་ལྟར་ཆོས་འདུལ་བ་དང་མི་མཐུན་པར་མ་ཟད། ཆོས་ལུགས་ནང་ཁུལ་གྱི་རྙོག་དྲ་ཆེན་པོ་ཞིག་གི་མགོ་འཛུགས་ཀྱི་རྐྱེན་དུའང་འགྱུར་སྲིད་ལ། དེ་འདྲའི་ཀུན་སློང་གིས་སྡོམ་པ་བླངས་ཀྱང་ཚད་ལྡན་ཞིག་མི་ཐོབ།

སྐབས་དེ་ཙ་ན། ནང་ཆོས་ཀྱི་བླ་སློབ་འདེམས་སྐབས་ཀྱི་རང་དབང་ཆ་ཚང་ཡོད་པའི་ཁོར་ཡུག་བསྐྲུན་རྒྱུའི་རང་བཞིན་གྱི་ཆ་རྐྱེན་དེར་དོ་ཕོག་འགྲོ་སྲིད་ལ། དེ་ལས་ཀྱང་ཚབས་ཆེ་བའི་མཇུག་འབྲས་ནི་འབྲུག་ཡུལ་གྱི་དགེ་འདུན་པའི་སྡེ་དག་གི་བར་གྱི་བསམ་ཚུལ་གྱི་འགལ་འདུ་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད།

བཅུ།༽ ཅིས་ཀྱང་དགེ་སློང་མའི་སྡོམ་རྒྱུན་ཞིག་དགོས་པའི་དབང་དུ་བཏང་ན། ལྷོ་བརྒྱུད་ནང་བསྟན་ནམ། ཁྱད་པར་རྒྱ་བརྒྱུད་ནང་པའི་ཁྲོད་དུ་ཡོད་བཞིན་པའི་དགེ་སློང་མའི་སྡོམ་རྒྱུན་ཉིད་དང་ལེན་གནང་ན་དེ་ཉིད་དགེ་སློང་མའི་སྡོམ་རྒྱུན་གཏན་ནས་མེད་པ་ཞིག་གང་ཟག་བྱེ་བྲག་པ་ཞིག་གིས་ཐད་ཀར་སྤེལ་བ་ལས་གཞི་རྩ་ཆེ་བ་དང་འདུལ་བའི་དངོས་བསྟན་དང་མཐུན་ཆེ་བ་ཡོང་སྲིད་མོད། དེའང་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཀྱི་ངོས་ནས་ནི་གསར་གཏོད་དང་ནང་འདྲེན་གསར་པ་ཞིག་ཡིན་པའི་ཆ་ནས་ངེས་པར་ཚད་མཐོ་བའི་མང་མོས་ཀྱིས་ཐག་གཅོད་དགོས་པ་ཞིག་ཡིན། དེ་ནི་མདོར་ན། འདུལ་བའི་ཆོས་སྐད་དུ་ཕྱོགས་བཅུའི་དགེ་འདུན་གྱི་སྡེ་ཞེས་པ་སྟེ། དེང་སང་གི་སྐད་དུ་བྱས་ན་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགེ་འདུན་པའི་སྡེའི་ཁྲོད་ནས་མང་མོས་ཀྱིས་ངོས་ལེན་རྒྱབ་སྐྱོར་ཡོད་པ་ཞིག་དགོས་པ་དེ་གཞི་རྩ་ཡིན་པར་ངེས་སྙམ། རྫོགས་སོ།།

ཞེས་པ་འདིའང་། ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསྟན་ལ་ཕན་པའི་བློས་བྲིས་ཏེ་ཕུལ།། །།