འབྲུག་དང་རྒྱ་ནག་བར་ས་མཚམས་ཀྱི་དཀའ་ངལ།
ཟླ་འདིའི་ཚེས་༢༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧི་མ་ལ་ཡའི་རི་རྒྱུད་ཁྲོད། འཕགས་བོད་གཉིས་ཀྱི་ས་མཚམས་གསལ་བོ་མེད་ཅིང་དུས་ནས་དུས་སུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་གདོང་ཐུག་བྱུང་དང་འབྱུང་བཞིན་ཡོད་པ་ལྟར། རྒྱ་ནག་དང་འབྲུག་གི་བར་མཐའ་མཚམས་གསལ་བོ་མེད་ཅིང་། ཧི་མ་ལ་ཡའི་ནུབ་ཕྱོགས་དང་བྱང་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་གི་ཐོག་ལ་འབྲུག་དང་རྒྱ་ནག་བར་རྩོད་རྙོག་བྱུང་དང་འབྱུང་བཞིན་ཡོད་འདུག རྒྱ་ནག་གི་གནོན་ཤུགས་ལ་བརྟེན་འབྲུག་པས་རྒྱ་ནག་དང་ལྷན་དུ་ས་མཚམས་ཀྱི་ཐོག་བཀའ་མོལ་གནང་འདོད་ཡོད་ཀྱང་། བཀའ་མོལ་གནང་བ་ལ་རྒྱ་གར་གྱི་བཀའ་འཁྲོལ་དགོས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་དང་འབྲུག་ཡུལ་བར་འབྲེལ་བ་ཟབ་མོ་ཡོད་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་རྒྱ་གར་གྱིས་ཨ་སྒོར་ས་ཡ་མང་པོས་འབྲུག་ཡུལ་ལ་དཔལ་འབྱོར་དང་དམག་དོན་གྱི་ཐོག་རོགས་རམ་བྱས་ཡོད་འདུག
རྒྱ་ནག་དང་འབྲུག་པའི་བར་རྩོད་རྙོག་བྱུང་སའི་ས་ཁུལ་ཁག་ཁ་ཤས་ཡོད་པའི་ནང་ནས་གནད་འགག་ཆེ་ཤོས་དེ་ནི་ཐབས་བྱུས་ཀྱི་མཐོ་སྒམ་འབྲོག་ལམ་ཞེས་པའི་ས་ཁུལ་དེ་ཆགས་ཡོད་ཅིང་། ས་ཁུལ་དེ་ནི་རྒྱ་དཀར་ནག་གཉིས་དང་འབྲུག་པ་བཅས་གསུམ་གྱི་རྒྱལ་མཚམས་གསུམ་མདོའི་ཉེ་འཁྲིས་སུ་ཆགས་ཡོད་འདུག
རྒྱ་གར་གྱིས་འབྲུག་ཡུལ་ལ་རྒྱབ་སྐྱོར་གྱིས་འབྲོག་ལམ་ནི་འབྲུག་གི་ས་ཆ་རེད་ཅེས་བརྗོད་ཀྱི་ཡོད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་གསལ་ལྟར་ན། ས་ཆ་དེ་རྒྱ་གར་ལ་མཚོན་ན་བདེ་འཇགས་ཀྱི་གནད་དོན་གལ་འགངས་ཆེ་བ་ཞིག་ཆགས་ཡོད་ཅིང་། ནམ་ཞིག་ས་ཁུལ་དེ་རྒྱ་ནག་གིས་དབང་བསྒྱུར་བྱས་ཚེ། རྒྱ་གར་གྱི་(Siliguri ) ཞེས་པའི་སྲང་ལམ་ལ་ཉེན་ཁ་འཕྲད་ཀྱི་ཡོད་འདུག་ལ། སྲང་ལམ་དེ་ལ་ཡོངས་གྲགས་སུ་བྱ་དེའི་སྐེ་ཞེས་བརྗོད་ཅིང་། སྲང་ལམ་དེ་ནི་རྒྱ་གར་གྱི་དབུས་ས་དང་བྱང་ཤར་མངའ་སྡེ་དག་གི་བར་ཟམ་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་འདུག
ཉེ་ཆར་བྷེལ་ཇམ་གསར་ཁང་གི་གསར་འགོད་པ་ཞིག་གིས་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་ལ་བཅར་འདྲི་ཞུ་བའི་སྐབས་སུ། སྲིད་བློན་བློ་གྲོས་ཚེ་རིང་གིས་ས་མཚམས་ཀྱི་གནད་དོན་དེ་འབྲུག་ཡུལ་གཅིག་པུས་ཐག་གཅོད་བྱེད་མི་ཐུབ་ཅིང་། རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་གྱིས་ཐག་གཅོད་བྱེད་དགོས། རྒྱལ་ཁབ་གསུམ་པོ་ཡང་སྟོབས་ཆེན་དང་སྟོབས་ཆུང་གི་ཁྱད་པར་མེད་པར་འདྲ་མཉམ་ཐོག་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཡིན། གལ་སྲིད་རྒྱ་དཀར་ནག་གཉིས་ལ་གྲ་སྒྲིག་ཡོད་ན། རྒྱལ་ཁབ་གསུམ་གྱིས་གྲོས་མོལ་བྱེད་ཆོག་གི་རེད། ང་ཚོ་ལ་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཡོད་ཅེས་དང་། དེ་བཞིན་ཁོང་གིས་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་ཚོགས་འདུ་ཐེངས་གཅིག་དང་། ཡང་ན་གཉིས་ཙམ་ཚོགས་ནས་ས་མཚམས་ཤས་གཏན་འཁེལ་བྱེད་ཐུབ་པའི་རེ་བ་ཡོད། ཕྱི་ལོ་༡༩༨༤ ནས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཐོག་གྲོས་མོལ་བྱས་ཡོད་པ་དང་། རྒྱ་ནག་གིས་ས་ཁུལ་ལ་བཙན་འཛུལ་བྱས་མེད་ཅེས་བརྗོད་འདུག འབྲུག་དང་རྒྱ་ནག་གི་ས་མཚམས་ཀྱི་གནད་དོན་ནི་རྒྱ་གར་གྱི་སེམས་འཚབ་བྱེད་ས་ཞིག་ཏུ་འགྱུར་ཡོད་པ་དང་། ཕྱི་ལོ་༡༩༩༦ གཡས་གཡོན་དུ་ཡང་། རྒྱ་གར་གྱིས་ཐེེ་ཇུས་བྱས་པའི་དབང་གིས་རྒྱ་ནག་དང་འབྲུག་བར་ས་མཚམས་ཀྱི་དཀའ་རྙོག་དེ་གསལ་ཐུབ་མེད་པ་ཆགས་ཡོད་འདུག
རྒྱ་ནག་དང་འབྲུག་གི་ས་མཚམས་ཀྱི་དཀའ་རྙོག་དེ་ཡང་རྒྱ་དཀར་ནག་གཉིས་ཀྱི་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་བ་ཡོད་པའི་གནས་དོན་ཞིག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།