འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་“མཚན་མཐུན་ལུས་འབྲེལ་”ཁྲིམས་མཐུན་བཟོས་འདུག

 འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་ཁ་སང་རེས་གཟའ་ཕུར་བུའི་ཉིན་མཚན་མཐུན་འབྲེལ་བ་ཁྲིམས་མཐུན་དུ་བཟོ་བའི་ཁྲིམས་འཆར་ལ་མོས་མཐུན་གནང་བས། ཧི་མ་ལ་ཡའི་ཁུལ་གྱི་ནང་པའི་རྒྱལ་ཁབ་ཆུང་ཆུང་དེ། གླིང་ཆེན་ཨེ་ཤི་ཡའི་ནང་དུ་མཚན་མཐུན་འབྲེལ་བར་གུ་ཡངས་གཏོང་བའི་ཕྱོགས་སུ་གོམ་པ་སྤོ་མཁན་གྱི་རྒྱལ་ཁབ་གསར་ཤོས་དེ་ཆགས་འདུག

འབྲུག་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཀྱི་དོན་ཚན་༢༡༣ དང་༢༡༤ ནང་མཚན་མཐུན་གྱི་ལུས་འབྲེལ་དེ་ཁྲིམས་འགལ་ཡིན་ཚུལ་འཁོད་ཡོད་འདུག འོན་ཀྱང་། ཁྲིམས་དེ་སྒྱུར་བཅོས་གཏོང་འདོད་པའི་གྲོས་ཚོགས་འཐུས་མི་ཨོ་རྒྱན་དབང་བདེ་(Ugyen Wangdi) ཡིས་འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་༦༩ ནས་༦༣ གྱིས་ཁྲིམས་དེ་སྒྱུར་བཅོས་གཏོང་བའི་མོས་མཐུན་བྱས་པ་དང་། ལྷག་མ་དྲུག་པོ་འོས་ཤོག་ནང་མཉམ་ཞུགས་ཐུབ་མེད་ཅེས་བརྗོད་འདུག 

གྲོས་ཚོགས་འཐུས་མི་ཁོང་གིས་རྒྱལ་ས་ཐིམ་ཕུག་ནས་རོའུ་ཊར་གསར་ཁང་(Reuters) ལ་ཁ་པར་བརྒྱུད་དེ་ཁྲིམས་ཀྱི་བསྐྱར་བཅོས་གསར་ཤོས་དེའི་བརྗོད་སྐབས། ཁོང་གིས་“ད་ལྟ་མཚན་མཐུན་ལུས་འབྲེལ་དེ་རང་བཞིན་དང་འགལ་བའི་འབྲེལ་བར་ངོས་འཛིན་བྱེད་ཐབས་བྲལ་ཡོད་”ཅེས་གསུངས་འདུག 

གྲོས་ཚོགས་ནས་མོས་མཐུན་བྱས་པའི་བསྐྱར་བཅོས་དེ་དངོས་སུ་འབྲུག་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་འགྱུར་བར། ད་དུང་ཡང་རྒྱལ་པོའི་ཐུགས་མོས་དང་མཚན་རྟགས་དགོས་ཀྱི་ཡོད་འདུག

མཚན་མཐུན་ལུས་འབྲེལ་ཀྱི་ཐོབ་ཐང་ལས་འགུལ་བ་བཀྲ་ཤིས་ཚེ་བརྟན་(Tashi Tsheten) གྱིས་གྲོས་ཚོགས་ཀྱི་ཐག་གཅོད་དེ་མཚན་མཐུན་འབྲེལ་བ་བྱེད་མཁན་ཚོའི་“རྒྱལ་ཁ་”ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཤིང་། གྲོས་ཚོགས་ཀྱི་ཐག་གཅོད་དེར་“ཧ་ཅང་དགའ་བོ་”བྱུང་སྐོར་བཤད་འདུག 

མི་འབོར་༨༠༠,༠༠༠ ཙམ་ཡོད་པའི་ནང་པའི་རྒྱལ་ཁབ་འབྲུག་གི་ཐག་གཅོད་དེ། ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཞན་རྣམས་ཀྱིས་མཚན་མཐུན་ལུས་འབྲེལ་བྱེད་མཁན་ཚོའི་རང་དབང་དང་ཐོབ་ཐང་ཐད་ལ་གུ་ཡངས་ཀྱི་ལྟ་སྟངས་འཛིན་འགོ་བརྩམས་པའི་རྗེས་སུ་བྱུང་བ་ཞིག་ཡིན་འདུག་སྟེ། ཕྱི་ལོ་༢༠༡༨ ལོར་ཁྱིམ་མཚེས་རྒྱ་གར་གྱིས་མཚན་མཐུན་ལུས་འབྲེལ་བཀག་སྡོམ་བྱེད་པའི་ལོ་བརྒྱ་ལྷག་རིང་གི་ཁྲིམས་དེ་མེད་པ་བཟོས་པར་བརྟེན། རྒྱལ་ཡོངས་སུ་དགའ་སྟོན་བྱས་ཡོད། 

དེ་བཞིན་བལ་ཡུལ་གཞུང་གིས་ལོ་རྗེས་མ་ནས་བཟུང་སྟེ་མཚན་མཐུན་འབྲེལ་བ་བྱེད་མཁན་རྣམས་རྒྱལ་ཡོངས་མི་འབོར་ཞིབ་བཤེར་གྱི་གྲངས་ཐོའི་ནང་འཇུག་གཏན་འཁེལ་ཡོད་འདུག་པ་དང་། དེ་ལ་བརྟེན་ནས་མཚན་མཐུན་གྱི་འབྲེལ་བ་འཛིན་མཁན་ཚོར་ཤེས་ཡོན་དང་འཕྲོད་བསྟེན་གྱི་གོ་སྐབས་སྔར་བའི་ཡག་པ་འཐོབ་རྒྱུ་ཡིན་འདུག 

འདས་པའི་ལོ་རྒྱུས་ཁྲོད། ཤར་ནུབ་ཀྱི་སྤྱི་ཚོགས་དང་བསམ་བློའི་ནང་མཚན་མཐུན་གྱི་འབྲེལ་བ་དེ་བཙོག་པ་དང་། རང་བཞིན་དང་འགལ་བ་ཞིག་ཏུ་བརྩིས་པ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་སུའང་མཚན་མཐུན་གྱི་འབྲེལ་བ་བྱེད་མི་ཆོག་པ་བཟོས་ཡོད། འོན་ཀྱང་། དེང་སྐབས་བསམ་བློ་དེ་གུ་ཡངས་སུ་ཕྱིན་ནས་མཚན་མཐུན་ལུས་འབྲེལ་དང་། མཚན་མཐུན་གྱི་གཉེན་སྒྲིག་ཁྲིམས་མཐུན་དུ་བཟོ་མཁན་གྱི་རྒྱལ་ཁབ་མང་ནས་མང་དུ་འགྲོ་བཞིན་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།