འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི།
ཟླ་འདིའི་ཚེས་༥ ཉིན་སྟེ། འཛམ་གླིང་ཁོར་ཡུག་གི་ཉིན་མོར་དྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་བཅས་ཀྱི་གོ་སྒྲིག་འོག ཁོར་ཡུག་སྲུང་སྐྱོབ་དགོས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
སྐབས་དེར་འཕྲེད་དར་འཕྱར་ནས་ཁྲོམ་གཞུང་དུ་མི་མང་ལ་ཁོར་ཡུག་སྲུང་སྐྱོབ་ཆེད་སྒེར་ངོས་ནས་ལས་དོན་ག་རེ་བྱེད་ཐུབ་མ་སྐོར་གྱི་བསམ་ཚུལ་ཤོག་བྱང་ཐོག་བྲིས་ཏེ། པར་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ལས་འགུལ་སྤེལ་དགོས་དོན་ཁོར་ཡུག་གལ་ཆེན་པོ་ཡིན་པ་དང་། དེ་བས་བོད་ནང་གི་ཁོར་ཡུག་རྒྱ་ནག་གི་དབང་བསྒྱུར་འོག་གཏོར་བཤིག་ཐེབས་ཀྱི་ཡོད་པ་སྔོན་འགོག་ཆེད་དང་། མི་མང་ལ་ཁོར་ཡུག་སྲུང་སྐྱོབ་དགོས་པའི་གོ་རྟོགས་སྤེལ་ཆེད་དུ་ཡིན་པ་གོ་སྒྲིག་པས་འགྲེལ་བརྗོད་བྱས་སོང་།།
ཆོས་ཉིད་འོད་ཟེར།