འཛམ་གླིང་ཁྱོན་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པ་ས་ཡ་༤༠ བརྒལ་བ། 

དེ་རིང་སྟེ་ཕྱི་ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཟླ་བའི་ཉིན་གོ་ལ་ཁྱོན་གྱི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་གྲངས་འབོར་ས་ཡ་ ༤༠ ལས་བརྒལ་འདུག 

རྒྱལ་སྤྱིའི་གསར་ཁང་དང་ཉམས་ཞིབ་ཁང་དག་གིས་བཏོན་པའི་གྲངས་ཐོ་ལྟར་ན། ད་བར་འཛམ་གླིང་ཁྱོན་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་༤༠,༠༠༠,༢༣༤ དང་། དེའི་རྐྱེན་གྱིས་ཤི་བའི་མི་ ༡,༡༡༣,༨༩༦ བྱུང་འདུག 

གོ་ལ་ཡོངས་ཀྱི་ནད་པའི་གྲངས་འབོར་དེའི་ཕྱེད་ཀ་ལྷག་ཙམ་ཞིག་ཨ་རི་དང་། རྒྱ་གར། བྷིར་ཟིལ་བཅས་ལས་བྱུང་འདུག་སྟེ། ཨ་རི་ལ་ནད་པ་ས་ཡ་༨ དང་འབུམ་༡ བརྒལ་བ་དང་། རྒྱ་གར་ལ་ས་ཡ་༧ དང་འབུམ་༥ ལྷག བྷིར་ཟིལ་ལ་ནད་པ་ས་ཡ་༥ དང་འབུམ་༢ ལྷག་བཅས་བྱུང་འདུག 

ལོ་སྔོན་མའི་ལོ་སྨད་དུ་རྒྱ་ནག་ནས་ཐོག་མར་བྱུང་བའི་འཇིགས་སུ་རུང་བའི་ནད་ཡམས་དེ་ད་ལྟ་གོ་ལས་ཡོངས་ལ་ཁྱབ་ནས་འཛམ་གླིང་གི་དཔལ་འབྱོར་དང་འཚོ་གནས། དེ་བཞིན་ཚེ་སྲོག་སོགས་ལ་བསམ་བརྗོད་ལས་འདས་པའི་བརྡབ་གསིག་ཆེན་པོ་ཐེབས་ཡོད་པ་མ་ཟད། འདས་པའི་ཉིན་གྲངས་བདུན་ཁོ་ནའི་ནང་དུ་ནད་པ་གསར་པ་ས་ཡ་༢ ཙམ་བྱུང་འདུག  

ཡོ་རུབ་ཏུ་དགུན་ཁའི་གྲང་རེག་དང་ལྷན་དུ་ནད་འབུའི་རླབས་རྒྱུན་གཉིས་པ་ཡོང་བཞིན་ཡོད་པས། ཧྥ་རན་སི་དང་དབྱིན་ཇི་ལྟ་བུའི་རྒྱལ་ཁབ་འགས་སླར་ཡང་མི་མང་གི་འགྲོ་འདུག་ལ་ཚད་བཀག་བཟོས་ནས་ནད་ཡམས་འགོག་སྲུང་གི་འབད་བརྩོན་བྱེད་སྒང་ཡིན་འདུག  

ད་ནི་ནད་ཡམས་འདི་ཐོག་མར་བྱུང་འགོ་བརྩམས་ནས་ལོ་གཅིག་ཙམ་འགྲོ་ལ་ཉེ་ན་ཡང་། ནད་ཡམས་འདི་(ཚན་རིག་པ་འགའ་ཤས་ཀྱིས་བརྗོད་པ་དང་མི་མང་པོ་ཞིག་དོགས་པ་ལྟར་)རྒྱ་ནག་གཞུང་གིས་ཆེད་དུ་བཟོས་ནས་འཛམ་གླིང་ལ་ཁྱབ་གདལ་བཏང་བ་ཡིན་ནམ། ཡང་ན་(རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཕལ་ཆེ་བའི་བརྗོད་སྲོལ་ལྟར་)དུད་འགྲོ་སེམས་ཅན་ནས་མི་ལ་འགོས་པ་གང་ཡིན་དཔང་རྟགས་ལྡན་པའི་ཐོག་ནས་བཤད་ཐུབ་ཀྱི་མེད་པ་མ་ཟད། ཕན་ནུས་ལྡན་པའི་སྔོན་འགོག་གི་སྨན་ཞིག་བཟོས་ཏེ་འཛམ་གླིང་གི་མི་མང་ཡོངས་ལ་མཁོ་སྤྲོད་བྱེད་ཐུབ་པར་དུས་ཡུན་ཇི་ཙམ་འགོར་ངེས་པ་དེའང་སུ་གཅིག་གིས་ཁ་ཚོན་ཆོད་པའི་ཐོག་ནས་བརྗོད་མི་ཐུབ་པ་ཞིག་ཡིན། འོན་ཀྱང་། ནད་ཡམས་འདི་དང་པོར་བྱུང་བའི་སྐབས་དང་བསྡུར་ན། འགྱུར་བ་ཆེན་པོ་གཅིག་བྱུང་ཡོད་པ་ནི་མི་མང་གི་འཇིགས་སྣང་དང་འཚབ་སྣང་སྔོན་ཆད་ལས་ཆུང་དུ་ཕྱིན་ཡོད་པ་དེ་ཡིན། །

གསར་འགོད་པ་དཀོན་མཆོག་རབ་བརྟན།