འཛམ་གླིང་ཁྱོན་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་ཤི་བའི་མི་གྲངས་ས་ཡ་༡ བརྒལ་བ།

འཛམ་གླིང་ཁྱོན་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(ཡོངས་གྲགས་སུ་Covid-19ཟེར།)ཀྱི་རྐྱེན་གྱིས་ཤི་བའི་ནད་པའི་གྲངས་ཀ་ས་ཡ་༡ བརྒལ་བ་མ་ཟད། ནད་པའི་གྲངས་ཚད་མུ་མཐུད་མགྱོགས་མྱུར་ངང་འཕར་བཞིན་ཡོད། 

རྒྱལ་སྤྱིའི་གསར་ཁང་དང་ཉམས་ཞིབ་ཁང་ཆེ་གྲས་རྣམས་ཀྱི་གྲངས་ཐོ་ལྟར་ན། དེ་རིང་རེས་གཟའ་མིག་དམར་ཉིན་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་ཤི་བའི་ནད་པའི་གྲངས་ཀ་དེ་ས་ཡ་༡ ལས་བརྒལ་དང་། དེ་ནི་གྲངས་ཀའི་མཚམས་རྟགས་ཆེན་པོ་ཞིག་ལས་བརྒལ་བ་ཡིན་འདུག 

རྒྱ་ནག་གིས་གཙོ་པའི་རྒྱལ་ཁབ་མང་པོ་ཞིག་གིས་ནད་པའི་ཁ་གྲངས་དང་། ཤི་བའི་གྲངས་ཚད་དངོས་དེ་སྦས་སྐུང་བྱས་ཏེ་ཕྱི་ལ་སྒྲོག་གི་མེད་པར་བརྟེན། རྒྱལ་སྤྱིའི་ཉམས་ཞིབ་པ་དག་གིས་ཤི་བའི་གྲངས་ཚད་དངོས་དེ་ས་ཡ་༡ ལས་ཤིན་ཏུ་མང་བའི་ཚོད་དཔག་བྱེད་ཀྱི་འདུག

ཤི་བའི་གྲངས་ཀ་ས་ཡ་གཅིག་གི་མཚམས་རྟགས་ལས་བརྒལ་བའི་ཡིད་སྐྱོའི་གནས་ཚུལ་དང་འབྲེལ་བའི་ཐད་ལ། མཉམ་འབྲེལ་རྒྱལ་ཁབ་ཀྱི་དྲུང་ཆེ་ཨན་ཐོ་ནོ-གྷ་ཋར་(Antonio Guterres)གྱིས་གསུང་བཤད་ཅིག་གནང་བའི་ནང་། ཁོང་གིས་དེ་ནི་“བཟོད་པར་དཀའ་བའི་ན་ཟུག་གི་མཚམས་རྟགས་ཤིག་”ཡིན་ན་ཡང་། “ང་ཚོས་མི་རེ་རེའི་ཚེ་སྲོག་གཏན་ནས་རྗེད་མི་ཉན། ཁོ་ཚོ་ནི་[མི་སུ་རུང་ཞིག་གི་]་ཨ་ཕ་དང་ཨ་ཕ། ཆུང་མ་དང་ཁྱོ་ག གཅེན་པོ་དང་གཅུང་མོ། གྲོགས་པོ་དང་ལས་གྲོགས་ཆགས་ཡོད་”ཅེས་གསུངས་འདུག

ཕྱི་ལོ་༢༠༡༩ ལོའི་ལོ་སྨད་དུ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་(Wuhan)ནས་ཐོག་མར་བྱུང་ནས་ཟླ་ངོ་༡༠ ཙམ་འདས་པའི་རྗེས་ཏེ། ད་ལྟ་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་༡༨༨ དུ་ཁྱབ་གདལ་ཕྱིན་ནས་གཏན་ཁེལ་བའི་ནད་པ་ས་ཡ་༣༢ ལྷག་ཟིན་པའི་ཐོག འཛམ་གླིང་སྤྱིའི་དཔལ་འབྱོར་དང་། མི་མང་གི་འཚོ་རྟེན་ལ་བརྡབ་གསིག་བསམ་ཡུལ་ལས་འདས་པ་བཏང་ཡོད། 

སྟོབས་ཆེན་རྒྱལ་ཁབ་ཁག་དང་། སྨན་རྫས་བཟོ་ཚོང་ཁང་ཆེ་གྲས་རྣམས་ཀྱིས་ནུས་ཤུགས་ཡོད་རྒུས་ཕན་ནུས་ལྡན་པའི་སྔོན་འགོག་གི་སྨན་ཞིག་བཟོ་བའི་འབད་བརྩོན་བྱེད་སྒང་ཡིན་ན་ཡང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO)ནས་དེ་འདྲའི་ཕན་ནུས་ལྡན་པའི་སྔོན་འགོག་ཅིག་བཟོ་སྐྲུན་དང་འགྲེམ་སྤེལ་མ་བྱུང་གོང་དུ་ཤི་བའི་གྲངས་ཀ་དེ་ས་ཡ་༢ ལ་བསླེབ་སྲིད་པའི་ཉེན་བརྡ་བཏང་འདུག 

ད་ལྟའི་ཆར་ཨ་རི་ལ་ནད་པ་ས་ཡ་ ༧ ལྷག་ཡོད་པས། འཛམ་གླིང་ཁྱོན་གྱི་ནད་པའི་གྲངས་ཚད་ཀྱི་ལྔ་ཆ་གཅིག་དང་འཛམ་གླིང་སྟེང་གི་ཨང་དང་པོ་ཡིན་ན་ཡང་། འདས་པའི་བདུན་ཕྲག་འགའི་ནང་རྒྱ་གར་གྱི་ནད་པའི་གྲངས་ཚད་ཤུགས་ཆེར་འཕར་འགོ་ཚུགས་ནས་ཁ་སང་རེས་གཟའ་ཟླ་བའི་ཉིན་ས་ཡ་༦ ཟིན་པས། དཔྱད་ཞིབ་པ་ཚོས་མི་འབོར་ཐེར་འབུམ་༡༣ ལྡན་པའི་རྒྱ་གར་མ་འགྱངས་པར་ཨང་དང་པོར་འགྱུར་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་འདུག 

ད་ལྟ་འཛམ་གླིང་ཁྱོན་དུ་ནད་ཡམས་འདིའི་ནུས་ལྡན་གྱི་སྔོན་འགོག་ཏུ་འགྱུར་སྲིད་པའི་སྨན་༢༤༠ བཟོ་སྐྲུན་གྱི་རིམ་པ་ཐོག་མའི་ནང་ཡོད་འདུག་པ་ལས། ༤༠ སྨན་ཁང་གི་བརྟག་དཔྱད་ཀྱི་རིམ་པ་དང་། ༩ མི་མང་སྟོང་ཕྲག་མང་པོ་ལ་ཚོད་ལྟ་བྱེད་པའི་རིམ་པ་མཐའ་མར་ཐོན་ཡོད་འདུག རྒྱུན་ལྡན་ལྟར་ན། སྔོན་འགོག་གི་སྨན་ཞིག་བཟོ་བར་ལོ་མང་པོ་འགོར་གྱི་ཡོད་འདུག་ན་ཡང་། གོ་ལའི་ཛ་དྲག་གནས་སྟངས་ལ་བརྟེན་ནས་ཚན་རིག་པ་ཚོས་ཉིན་མཚན་ལྟོས་མེད་དང་མགྱོགས་ཚད་གང་ཡོད་ཀྱིས་ནུས་ཤུགས་འདོན་གྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།