འཛམ་གླིང་ཐོག་གསར་འགོད་རང་དབང་ཆུང་ཤོས་ཀྱི་རྒྱལ་ཁབ་གཉིས།

ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱིིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ལས་པ་ཀི་སི་ཐན་གྱི་ནང་དུ་གསར་འགོད་རང་དབང་ཆེ་བ་ཡོད་འདུག་ལ། རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ནི་འཛམ་གླིང་ནང་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁབ་གཉིས་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༣ ཉིན་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ་ཐེངས་༣༠ པ་སྲུང་བརྩི་ཞུས་པ་སྟབས་བསྟུན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འཛམ་གླིང་ནང་རྒྱལ་ཁབ་༡༨༠ ཡི་གསར་འགོད་རང་དབང་གི་གནས་སྟངས་སྐོར་ཞིབ་འཇུག་བྱས་པའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་བྱས་འདུག

སྙན་ཐོ་དེའི་ནང་དུ་ནོར་ཝེ་དང་ཨར་ལན་ཌི(Ireland) ། ཌན་མག་བཅས་རྒྱལ་ཁབ་གསུམ་ནི་འཛམ་གླིང་ཐོག་གསར་འགོད་རང་དབང་གི་གནས་སྟངས་ཡག་ཤོས་ཀྱི་རྒྱལ་ཁབ་གསུམ་ཆགས་ཡོད་པ་དང་། རྒྱ་ནག་དང་ཝེ་ཐེ་ནམ། བྱང་ཀོ་རི་ཡ་བཅས་གསུམ་ནི་འཛམ་གླིང་ཐོག་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁབ་གསུམ་ཆགས་ཡོད་པ་དང། ལྷག་པར་དུ་རྒྱ་ནག་ནི་འཛམ་གླིང་ཐོག་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་དང་དཀྲོག་གཏམ་མང་ཤོས་སྤེལ་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པའི་གནས་ཚུལ་བཀོད་འདུག

སྙན་ཐོ་དེའི་ནང་རྒྱ་ནག་ནང་གསར་འགོད་རང་དབང་གི་གནས་སྟངས་འགྲེལ་བརྗོད་བྱེད་པའི་སྐབས། རྒྱ་ནག་གི་ཤིན་ཧྭ་གསར་འགྱུར་ཁང་དང་མི་དམངས་ཉིན་རེའི་ཚགས་པར། གོ་ལའི་དུས་བབ་སོགས་གསར་འགྱུར་ཁང་དང་བརྙན་འཕྲིན་ཁང་མང་པོ་ཞིག་ནི་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་ཅིང་། རྒྱ་ནག་གཞུང་གིས་ཉིན་ལྟར་གསར་འགྱུར་བརྒྱུད་ལམ་དེ་དག་ལ་གསར་འགྱུར་ཅི་ཞིག་སྤེལ་དགོས་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ཀྲུང་གོའི་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ཁང་དང་ཀྲུང་གོའི་གོ་ལ་ཧྲིལ་པོའི་བརྙན་འཕྲིན་ཞེས་པ་གཉིས་ཀྱིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དག་འཛམ་གླིང་ཁྱོན་ཡོངས་ལ་སྤེལ་གྱི་ཡོད་རབས་བརྗོད་འདུག

ཆབ་སྲིད་ཐོག་ནས་རྒྱ་ནག་གཞུང་གི་མིག་མདུན་ན་གསར་འགྱུར་བརྒྱུད་ལམ་ཁག་ནི་དམར་ཤོག་ཚོགས་པའི་སྐུ་ཚབ་དང་དྲིལ་བསྒྲགས་སྤེལ་མཁན་ཞིག་ཆགས་ཡོད་པ་དང་། རང་དབང་གི་གསར་འགོད་པ་དང་བརྙན་འཕྲིན་བཟོ་མཁན་ཚོས་ཚོར་བ་སྐྱེན་པའི་གནས་ཚུལ་དག་སྤེལ་ཚེ། རྒྱ་ནག་གཞུང་གིས་བཀག་འགོག་དང་འཇིགས་སྐུལ། ཐ་ན་མནར་གཅོད་དང་བཙོན་འཇུག་ཀྱང་བྱེད་ཀྱི་ཡོད་ཅིང་། ད་ལྟའི་ཆར་རྒྱ་ནག་གི་དོ་དམ་འོག་གསར་འགོད་པ་༡༠༠ ལྷག་ཡོད་པའི་གནས་ཚུལ་བཀོད་འདུག

སྙན་ཐོ་དེའི་ནང་དུ་རྒྱ་གར་ནི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་རུང་། རྒྱ་གར་གྱི་ནང་དུ་ཡང་གསར་འགོད་རང་དབང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་ཚུལ་བཀོད་འདུག དེ་ཡང་ཕྱི་ལོ་༢༠༢༢ རྒྱལ་ཁབ་༡༨༠ ཡོད་པའི་ནང་ནས་རྒྱ་གར་གྱི་གསར་འགོད་རང་དབང་གི་གནས་རིམ་ནི་༡༥༠ པ་དེ་ཡིན་ཡང་། ལོ་འདིའི་རྒྱ་གར་གྱི་གསར་འགོད་རང་དབང་གི་གནས་རིམ་ནི་༡༦༡ ཡིན་ཞིང་། ལོ་སྔོན་མ་དང་བསྡུར་ན་ཨང་རིམ་༡༡ མར་ཆག་ཡོད་པ་དང་། རྒྱ་གར་གྱི་གསར་འགོད་རང་དབང་གི་གནས་སྟངས་ནི་ཐ་ན་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་ལས་ཀྱང་ཞན་པ་ཡོད་པའི་གནས་ཚུལ་བཀོད་འདུག

ཕྱི་ལོ་༢༠༠༢ རྒྱ་གར་གྱི་གསར་འགོད་པའི་རང་དབང་གི་གནས་རིམ་ནི་༨༠ པ་དང་ཕྱི་ལོ་༢༠༡༤ ལོ་རྒྱ་གར་གྱི་གསར་འགོད་པའི་གནས་རིམ་༡༤༠ བར་མར་ཆག་ཡོད་འདུག ལོ་འདིའི་རྒྱ་གར་གྱི་གསར་འགོད་རང་དབང་གི་གནས་རིམ་ནི་༡༦༡ པ་ཡིན་ཞིང་། འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་ནང་དུ་རྒྱ་གར་གྱི་གསར་འགོད་རང་དབང་གི་གནས་རིམ་༨༠ པ་ནས་༡༦༡ བར་མར་ཆག་ཡོད་འདུག་པས་ད་ལྟའི་ཆར་རྒྱ་གར་གྱི་ནང་དུ་གསར་འགོད་པ་ཚོ་ལ་བདེ་འཇགས་ཀྱི་ཐོག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

སྤྱིར་འཛམ་གླིང་གསར་འགོད་རང་དབང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ནི་གཙོ་བོ་གསར་འགོད་པ་དང་། ཉམས་ཞིབ་པ་སོགས་ལ་བཅར་འདྲི་བྱས་ནས་འཛམ་གླིང་ཡུལ་གྲུ་ཚང་མའི་ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས་དང་སྤྱི་ཚོགས་ཀྱི་གནས་སྟངས།  བདེ་འཇགས་བཅས་ཕྱོགས་ལྔའི་ཐོག་རྒྱུས་ལོན་དང་བརྟག་དཔྱད་བྱས་ནས་འདོན་སྤེལ་བྱས་པ་ཞིག་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།