འཛམ་གླིང་ནང་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ནི་ཌེན་མག་ཡིན་པ།
ཕྱི་ལོ་༢༠༡༦ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བདེ་སྐྱིད་སྙན་ཐོའི་ནང་ཡུ་རོབ་ཌེན་མག་དེ་ལུང་པ་བདེ་སྐྱིད་ཆེ་ཤོས་དང། ཨ་ཧྥེ་རི་ཀའི་བྷུ་རུན་ཌི་ནི་བདེ་སྐྱིད་ཆུང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་བཀོད་འདུག
ཟླ་འདིའི་ཚེས་༡༦ ཉིན་འཛམ་གླིང་བདེ་སྐྱིད་སྙན་ཐོའི་ནང་རྒྱལ་ཁབ་ཁག་གི་མི་མང་ལ་སྨན་བཅོས་ལྟ་སྐྱོང་དང་ལས་ཀའི་བརྟན་ཆ། ནང་མིའི་འབྲེལ་བ། ཆབ་སྲིད་རང་དབང་དང་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་ཚད་གཞི་སོགས་ལ་བརྟེན་ནས། བདེ་སྐྱིད་ཆེ་ཤོས་ནས་ཆུང་ཤོས་ལྡན་པའི་ལུང་པའི་ཐོ་གྲངས་ཤིག་བཏོན་འདུག
བདེ་སྐྱིད་མང་ཤོས་ཀྱི་ཌེན་མག་ལུང་པར་བུད་མེད་ཀྱིས་གཞུང་གི་ལས་གནས་གལ་ཆེ་བརྒྱ་ཆ་༤༣ ལ་འཇུག་བཞིན་ཡོད་པ་དང་དཔྱ་ཁྲལ་སྤྲད་རྗེས་ཡུལ་མི་རྣམས་ལ་ན་ཚ་རྙིང་པ་དང་ཚབས་ཆུང་རིགས་ཡོད་ཚེ་སྨན་པ་དང་སྨན་ཁང་ལ་རིན་མེད་ཐོག་བསྟེན་རྒྱུ་ཡོད་པ། དེ་བཞིན་སློབ་ཕྲུག་ཚོར་སློབ་གྲྭ་དང་མཐོ་སློབ་ལ་གཞུང་གིས་དཔྱ་ཁྲལ་གྱི་དངུལ་ནས་འགྲོ་སོང་གཏོང་གི་ཡོད་པ་མ་ཟད། སློབ་ཕྲུག་ཚོར་ལོ་བདུན་བར་ཟླ་རེའི་རོགས་སྐྱོར་དངུལ་འབབ་སྤྲོད་ཀྱི་ཡོད་པ་སོགས་ལ་བརྟེན་ནས་བདེ་སྐྱིད་ཀྱི་སྙན་ཐོའི་ནང་ཨང་དང་པོ་ཐོན་འདུག
དེ་བཞིན་འབྲུག་དང་ཨེ་ཁོ་ཌོར། ཝེ་ནེ་ཛུ་ལ། ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་སོགས་ནང་བདེ་སྐྱིད་ཀྱི་བློན་ཆེན་སེར་མོ་བ་ཞིག་བསྐོས་ཡོད་པ་རེད་འདུག་ལ། ཁོ་ཚོའི་ལས་འགན་ནི་རྒྱལ་ཁབ་ཀྱི་ལས་དོན་རྣམས་མཉམ་འདུས་ཡོང་ཐབས་བྱེད་དགོས་པ་ཡིན་འདུག
འཛམ་གླིང་གི་བདེ་སྐྱིད་ཀྱི་སྙན་ཐོའི་ནང་དམག་འཁྲུག་འོག་ལ་ཚུད་ཡོད་པའི་སི་རི་ཡ་དེ་ཨང་རིམ་༡༥༦ ལ་བཞག་ཡོད་པ་དང། རྒྱ་ནག་ཨང་རིམ་༨༣དང་རྒྱ་གར་ཨང་རིམ་༡༡༨ ལ་བཞག་འདུག
སྙན་ཐོའི་ནང་རྩེ་ཕུད་ཨང་རིམ་བཅུའི་ནང་ཚུད་པའི་རྒྱལ་ཁབ་ཁག་ནི། ༡༽ཌེན་མག ༢༽སུད་སི། ༣༽ཨེ་སི་ལན་ཌེ། ༤༽ནོར་ཝེ། ༥༽ཧྤིན་ལན་ཌེ། ༦༽ཁེ་ན་ཌ། ༧༽ཧོ་ལན་ཊི། ༨༽ནིའུ་ཛི་ལན་ཌི། ༩༽ཨོ་སི་ཊོ་ལི་ཡ། ༡༠༽སི་ཝི་ཌན་བཅས་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།