འཛམ་གླིང་ནང་ཏོག་ནད་མང་ཤོས་གཉིས་པ་དེ་རྒྱ་གར་ཆགས་འདུག 

རྒྱ་གར་ནང་ཏོག་ནད་ཁྱབ་གདལ་ཆེན་པོ་རིམ་པ་གཉིས་པ་དེ་འགྲོ་བཞིན་པ་དང་བསྟུན། ཉིན་གཅིག་ནང་ཏོག་ནད་ཁ་གྲངས་མང་ཤོས་ཀྱི་ཟིན་ཐོ་གསར་པ་བཞག་པ་མ་ཟད། འཛམ་གླིང་ནང་ཏོག་ནད་མང་ཤོས་ཀྱི་རྒྱལ་ཁབ་ཨང་རིམ་གཉིས་པ་དེ་ཆགས་འདུག 

ཟླ་༤ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་༡༡ ཉིན་རྒྱ་གར་ནང་ཏོག་ནད་གསར་པ་ཐོན་མཁན་གྱི་ཁ་གྲངས་༡,༦༨,༩༡༢ ཡིན་འདུག་པ་དང་། དེ་ནི་རྒྱ་གར་ནང་ད་བར་ཉིན་གཅིག་ནང་ཏོག་ནད་ཀྱི་ཁ་གྲངས་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་ཆགས་འདུག དེའི་ཐོག་ད་བར་རྒྱ་གར་ནང་ཏོག་ནད་ཕོག་མཁན་གྱི་ཁྱོན་བསྡོམས་ཁ་གྲངས་དེ་ས་ཡ་༡༣.༥༣ ཆགས་ནས། འཛམ་གླིང་ཏོག་ནད་ཀྱི་ཁ་གྲངས་མང་ཤོས་ཨང་རིམ་གསུམ་པ་ནས་གཉིས་པར་འཕར་འདུག་པས། བྷེ་ར་ཛིལ་ཨང་རིམ་གསུམ་པ་ཆགས་འདུག ཨང་རིམ་དང་པོ་ནི་ཏོག་ནད་ཀྱི་ཁ་གྲངས་ས་ཡ་༣༡.༢ ཡིན་མཁན་གྱི་ཨ་རི་རྒྱལ་ཁབ་ཡིན་པ་དང་། ཚེས་༡༡ ཉིན་རྒྱ་གར་ནང་ཏོག་ནད་རྐྱེན་པས་མི་གྲངས་༩༠༤ ཡི་ཚེ་སྲོག་ཤོར་འདུག་པ་དང་། ད་བར་ཁྱོན་བསྡོམས་མི་གྲངས་༡,༧༠,༡༧༩ བྱུང་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་གནས་ཡུལ་ཧི་མ་ཅལ་མངའ་སྡེའི་ནང་དུ་ཡང་ཏོག་ནད་ཀྱི་ཁ་གྲངས་འཕར་བཞིན་ཡོད་པས། མངའ་སྡེ་གཞུང་གིས་ཚེས་༡༡ ཉིན་རྒྱ་གར་གྱི་མངའ་སྡེ་ཏོག་ནད་ཀྱི་གནས་སྟངས་ཛ་དྲག་ཡིན་མཁན་པན་ཇབ་དང་། ལྡི་ལི། མཱ་ཧ་ར་ཤི་ཀྲེ་ར། གྷུ་ཇེ་ར་ཌ། ཀར་ན་ཀྲ་ཀ རཱ་ཇི་སེ་ཐན། ཨུ་ཏར་པར་ཌེ་ཤི་བཅས་ནས་ཡོང་མཁན་རྣམས་ཀྱིས། ཏོག་དབྱིབས་ནད་དུག་མེད་པའི་ཡིག་ཆ་འཁྱེར་དགོས་ཀྱི་ཡོད་པ་དང་། བརྟག་དཔྱད་དེ་ཡང་མངའ་སྡེའི་ནང་མ་འཛུལ་བའི་སྔོན་གྱི་ཆུ་ཚོད་༧༢ ནང་ཚུད་དུ་བྱས་པ་ཞིག་དགོས་ཀྱི་ཡོད་འདུག དེ་ཡང་ཧི་མ་ཅལ་མངའ་སྡེར་ཚེས་༡༡ ཉིན་ཏོག་ནད་གསར་དུ་ཐོན་མཁན་གྲངས་༩༤༡ བྱུང་ཡོད་ཁར། ཀང་ར་རྫོང་ནས་མི་གྲངས་༡༢༨ ལ་ཏོག་ནད་ཐོན་ནས་ཉིན་དེར་མངའ་སྡེའི་ནང་ཏོག་ནད་གྲངས་ཐོན་མཁན་མཐོ་ཤོས་དེ་ཆགས་འདུག 

རྒྱ་གར་དབུས་གཞུང་གིས་བརྗོད་ཚུལ་ལྟར་ན། ཉིན་གྲངས་༨༥ ནང་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ས་ཡ་༡༠༠ བརྒྱབ་ཟིན་ཡོད་པས། ད་བར་འཛམ་གླིང་ནང་སྨན་ཁབ་ས་ཡ་༡༠༠ མགྱོགས་ཤོས་རྒྱག་མཁན་དེ་ཆགས་ཡོད་སྐོར་བརྗོད་འདུག དེ་ཡང་སྨན་ཁབ་ས་ཡ་༡༠༠ བརྒྱབ་པར་ཨ་རིས་ཉིན་གྲངས་༨༩ དང་རྒྱ་ནག་གིས་ཉིན་གྲངས་༡༠༢ འགོར་ཡོད་འདུག སྤྱིར་བཏང་བརྒྱུད་ལམ་ཁག་ཏུ་རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་སྨན་ཁབ་མ་འདང་བའི་དཀའ་ངལ་འཕྲད་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་གར་དབུས་གཞུང་གིས་བང་མཛོད་ནང་སྨན་ཁབ་ས་ཡ་༤༠༠ ཡོད་སྐོར་དང་། སྨན་ཁབ་མ་འདང་བའི་གནས་ཚུལ་དེ་དག་གཞི་རྟེན་མེད་པ་ཡིན་སྐོར་བརྗོད་འདུག ཟླ་༧ པའི་སྔོན་དུ་མི་མང་ས་ཡ་༢༥༠ ལ་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་བྱེད་འཆར་ཡོད་འདུག་པ་དང་། ད་ལྟའི་ཆར་རང་ལོ་༤༥ ཡན་ཆད་ལ་སྨན་ཁབ་རྒྱག་གི་ཡོད་པ་རེད། ཆེད་ལས་པ་ཚོས་རྒྱ་གར་ནང་སྨན་ཁབ་ཀྱི་ལས་འཆར་དེ་གཞི་རྒྱ་ཆེ་རུ་དང་མྱུར་ཚད་མཐོ་རུ་གཏོང་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བཞིན་འདུག 

ཟླ་༡ པོའི་ནང་རྒྱ་གར་གྱི་ཉིན་རེའི་ཏོག་ནད་ཁ་གྲངས་དེ་༡༥,༠༠༠ ལས་ཉུང་བ་ཆགས་ནས། ཏོག་ནད་ཀྱི་གནས་སྟངས་ཡག་ཏུ་འགྲོ་ཡི་ཡོད་པའི་རྣམ་པ་ཐོན་ཡོད་ནའང། ཟླ་༢ པའི་ནང་ནས་ཉིན་རེའི་ཏོག་ནད་ཀྱི་ཁ་གྲངས་བསྟུད་མར་འཕར་ནས་ད་ཆ་གནས་སྟངས་ཤིན་ཏུ་ཛ་དྲག་ཆགས་ཡོད་པ་རེད། རྒྱ་གར་གཞུང་དང་ཆེད་ལས་མི་སྣ་ཚོས་རྒྱ་གར་ནང་ཏོག་ནད་ཀྱི་ཁ་གྲངས་ཛ་དྲག་ངང་འཕར་བཞིན་པའི་རྒྱུ་མཚན་གཙོ་བོ་ནི་མི་མང་གིས་ལྷོད་ཡངས་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་སྲིད་དོན་དང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ། ཆང་ས་དང་ཆོས་ཕྱོགས་བྱེད་སྒོ་སོགས་ལ་མི་མང་འདུ་འཛོམས་ཕོན་ཆེན་བྱེད་ཀྱི་ཡོད་པས་ཡིན་སྐོར་བརྗོད་ནས། མངའ་སྡེ་མང་པོ་ཞིག་ནང་མི་མང་ཕོན་ཆེན་འདུ་འཛོམས་བཀག་སྡོམ་དང་། མཚན་མོར་ཕྱི་ལ་འགྲོ་མི་ཆོག་པའི་བཀག་སྡོམ་ཡང་བཏང་ཟིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།