འཛམ་གླིང་ནང་དུ་རྒྱ་ནག་གི་ཁེར་རྐྱང་ཉིན་མོ་ཞེས་པ་དེ་འཛམ་གླིང་གི་ཉོ་ཚོང་དུས་སྟོན་ཆེ་ཤོས་ཤིག་ཏུ་ཇི་ལྟར་གྱུར་པ་རེད་དམ།

རྒྱ་ནག་གི་ཁེར་རྐྱང་ཉིན་མོའི་དྲ་ལམ་ནས་ཉོ་ཚོང་གི་དུས་སྟོན་ཆེ་ཤོས་དེ་དབྱེ་ཞིབ་པས་ཚོད་དཔག་བྱས་པར་གཞིགས་ན་ཨ་སྒོར་ཐེར་འབུམ་༡༦༧ གྱི་ཚོང་འགྲེམས་བྱུང་ཡོད་ཅིང་། ཚོང་འགྲེམས་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད་ནའང་དཔལ་འབྱོར་གྱི་རྐྱེན་པས་ཉོ་མཁན་ཚོས་བསྲི་ཚགས་བྱེད་མཁན་མང་དུ་ཕྱིན་པའི་རྐྱེན་གྱིས་ཚོང་འགྲེམས་ཀྱི་མྱུར་ཚད་དལ་དུ་ཕྱིན་ཡོད་པ་དང་། དུས་སྟོན་དེའི་སྐབས་སུ་དངོས་ཟོག་གི་དགོས་མཁོ་ཆེ་བ་དང་ཁྱིམ་གྱི་འཕྲུལ་ཆས་སོགས་ལ་དོ་སྣང་ཆེ་རུ་ཕྱིན་པ་ལས་དངོས་ཟོག་གྲོན་ཆེན་རིགས་ལ་དོ་སྣང་ཆུང་དུ་ཕྱིན་པ་སོགས་མི་རྣམས་ཀྱི་འགྲོ་སོང་གཏོང་སྟངས་ལ་འགྱུར་བ་ཕྱིན་ཡོད་པ་མཚོན་ཐུབ་པ་སོགས་ཀྱི་སྐོར།

པར། Firstpost

དེ་ཡང་ད་ལོ་ཟླ་བ་༡༠ ཚེས་༡༤ ནས་འགོ་བཙུགས་ནས་ཟླ་བ་༡༡ ཚེས་༡༡ བར་དུ་རྒྱ་ནག་ནང་དུ་ཁེར་རྐྱང་གི་ཉིན་མོའམ་ཚོང་ཉོ་དུས་སྟོན་ཆེ་ཤོས་དང་། དུས་ཡུན་རིང་ཤོས་དེ་ཆགས་འདུག།འཛམ་གླིང་གི་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཚོང་འདུས་ཆེན་མོ་(BLACK FRIDAYདང་CYCBER MONDAY) ལ་གྲ་སྒྲིག་བྱས་བཞིན་པའི་སྐབས་སུ་རྒྱ་ནག་གིས་ཁེར་རྐྱང་ཉིན་མོ་ཞེས་པ་དེ་ཉོ་ཚོང་དུས་ཆེན་ཆེ་ཤོས་སུ་སྲུང་བརྩི་བྱས་ཟིན་ཡོད་འདུག།འདི་ནི་འཛམ་གླིང་གི་ཉོ་ཚོང་དུས་སྟོན་གཞན་དག་ལས་ཆེ་བ་དང། ཚོང་འདུས་(PRIME DAY) དང་(BLACK FRIDAY) ལས་ཀྱང་བརྒལ་བ་ཡིན་འདུག ཐོག་མ་ཁེར་རྐྱང་ཉིན་མོ་ཞེས་པ་དེ་ཁེར་རྐྱང་གི་འཚོ་བར་དགའ་སྟོན་བྱེད་པའི་དུས་ཆེན་སྣང་མེད་ངང་སྲུང་བརྩི་བྱས་ཀྱང་ད་ཆ་དྲྭ་རྒྱའི་ཉོ་ཚོང་དུས་སྟོན་ཆེ་ཤོས་སུ་གྱུར་འདུག

ཁེར་རྐྱང་གི་ཉིན་མོ་ཞེས་པ་དེ་ཐོག་མ་༡༩༩༣ ལོར་རྒྱ་ནག་གི་ནན་ཅིན་སློབ་གྲྭ་ཆེན་མོར་ཐོག་མར་སྲུང་བརྩི་བྱས་པ་ནས་བྱུང་བ་ཞིག་སྟེ། ཐོག་མ་“གཞོན་ནུ་དོན་གཉེར་བའི་ཉིན་མོ་”ཞེས་འབོད་འདུག།ཉིན་མོ་འདིར་གཞོན་ནུ་དོན་གཉེར་བ་ཚོས་ཕན་ཚུན་ལེགས་སྐྱེས་སྤྲོད་རེས་དང་། སྤྱིར་བཏང་མཉམ་འཛོམས་ཀྱི་འདུ་འཛོམས་དང་བཅས་པ་ཡིན་འདུག། འགོ་འཛུགས་སྐབས་གཞི་རྒྱ་ཆུང་ངུ་ཞིག་ནས་འགོ་བཙུགས་ཀྱང་། དེ་ནི་ཉོ་ཚོང་བྱེད་མཁན་ས་ཡ་མང་པོ་ཁེ་ཕན་ལེན་པར་སྒུག་པའི་ཚོང་ཟོག་ཁྱབ་བསྒྲགས་ཆེན་པོ་ཞིག་ཏུ་གྱུར་འདུག།

དོན་རྐྱེན་འདིའི་གྲགས་ཆེན་རང་བཞིན་ནི་ཕྱི་ལོ་༢༠༠༩ ལོར་རྒྱ་ནག་གི་ཚོང་ལས་དྲ་རྒྱ་ཨེ་ལི་བཟོ་ཚོང་ཁང་གིས་དེ་བེད་སྤྱོད་བཏང་བ་ནས་འགོ་བརྩམས་པ་ཞིག་སྟེ། ཟླ་༡༡ ཚེས་༡༡ ཡང་སྡེབ་ཚོང་དང་ཆག་ཡང་གི་ཉིན་མོ་ཞིག་ཏུ་བསྒྱུར་ཡོད། ལོ་ཁ་ཤས་ནང་(JD.COM) དང་(Pinduoduo) ཕིན་ཌུ་ཌོ་སོགས་གར་སྟེགས་ཆེ་ཁག་གིས་ཀྱང་རྗེས་འབྲངས་བྱས་ཏེ། ཁེར་རྐྱང་ཉིན་མོ་དེ་རྒྱལ་ཡོངས་ཀྱི་ཉོ་ཚོང་དུས་སྟོན་ཞིག་ཏུ་བསྒྱུར་ཡོད།

ན་ནིང་གི་ཁེར་རྐྱང་གི་དུས་སྟོན་སྐབས་སུ། གསར་འགྱུར་ལས་ཁང་(Reuters) ཀྱིས་ (Syntun) གི་གྲངས་ཐོ་ལྟར་ན། རྒྱ་ནག་གི་འཛད་སྤྱོད་པས་ཨ་སྒོར་ཐེར་འབུམ་༡༥༦.༤ ཙམ་བཏང་ཡོད་པ་དང། གྲངས་ཀ་འདི་ནི་ཨ་རིའི་དྲ་རྒྱའི་བདུན་ཕྲག་(Black Friday) དང་(Cyber Monday) བརྩིས་པའི་)སྐབས་བེད་སྤྱོད་བཏང་བའི་ཨ་སྒོར་འབུམ་༣༨ ལས་བརྒལ་ཡོད་འདུག ཉེ་བའི་ལོ་ཁ་ཤས་ནང་འགྲོ་སོང་གཏོང་སྟངས་ལ་འགྱུར་བ་ཕྱིན་ཡོད། སྔོན་ལོ་ཁ་ཤས་ནང་རིན་ཐང་ཆེ་བའི་དངོས་རིགས་དང་རིན་གོང་ཆེ་བའི་དངོས་པོའི་ཐོག་འགྲོ་སོང་གཏོང་གི་ཡོད་པ་དང་། ན་ནིང་ཁེར་རྐྱང་གི་ཉིན་མོར་དངུལ་སྤྱོད་མཁན་ཚོས་བསྲི་ཚགས་བྱས་ཏེ་ལག་རས་འཇམ་པོ་དང་། ལག་པ་འཁྲུད་རྫས། ཁྱི་ཟས་ལྟ་བུའི་ཉེར་མཁོའི་དངོས་པོའི་ཐོག་འགྲོ་སོང་བཏང་ཡོད།

འགྱུར་བ་འདི་ནི་དཔལ་འབྱོར་གྱི་རང་བཞིན་དང་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་ལ་ཁ་གཏད་གཅོག་པའི་ཐབས་ལམ་དམ་པོ་ལག་བསྟར་བྱས་པའི་ཤུགས་རྐྱེན་ཡུན་རིང་པོ་གནས་པ་གཉིས་ལ་ཐུག་ཡོད་སྲིད། ༢༠༢༤ ལོར་རྒྱ་ནག་གཞུང་གིས་འགྲོ་སོང་གཏོང་བར་སྐུལ་མ་གཏོང་ཆེད་རྒྱ་སྒོར་མོ་ཐེར་འབུམ་༡༥༠ ཡི་ཚོང་ཟོག་རྙིང་པ་བརྗེ་ལེན་གྱི་ཁྲལ་ཆག་ལས་གཞི་ཞིག་ངོ་སྤྲོད་བྱས་པའི་རྐྱེན་གྱིས་གཙོ་བོ་ཁྱིམ་ཚང་གི་གློག་ཆས་ཐོག་འགྲོ་སོང་གཏོང་བཞིན་ཡོད་པ་རེད་འདུག།ཁེར་རྐྱང་གི་དུས་ཆེན་འདི་རྒྱ་ནག་ལ་དུས་སྐབས་གལ་ཆེན་ཞིག་ཡིན། པེ་ཅིང་གིས་འགྲོ་སོང་སྤེལ་བའི་ཐབས་ཤེས་བཏོན་ཡོད་ནའང་ནང་ཁུལ་གྱི་ཉོ་སྤྱོད་ད་དུང་དལ་པོ་ཡིན།

གཞུང་གིས་སྐྱེད་ཀ་གཙོ་བོ་རྣམས་ཉུང་དུ་བཏང་བ་དང་ས་གནས་གཞུང་གི་བུ་ལོན་ཚད་བཀག་ལྷོད་དུ་བཏང་བ་སོགས་དྲག་ཤུགས་ཅན་གྱི་སྲིད་བྱུས་བཏོན་ནས་ཉོ་སྤྱོད་ཀྱིས་སྐུལ་འདེད་འོག་དཔལ་འབྱོར་སླར་གསོ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཀྱང་། མཁས་པ་ཚོས་ནད་ཡམས་སྔོན་མ་ཁྱབ་གདལ་མ་ཕྱིན་པའི་དུས་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་ཆ་ཚང་བ་ཞིག་ལ་སླར་གསོ་བྱེད་པར་དཔལ་འབྱོར་ཐད་ནས་ཐེ་གཏོགས་ཆེན་པོ་ཞིག་བྱེད་དགོས་ཀྱི་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། དུས་ཡུན་རིང་ཤོས་ཀྱི་ཁེར་རྐྱང་གི་ཉིན་མོ་མཇུག་བསྒྲིལ་ལ་ཉེ་བ་དང་བསྟུན་ནས་མཐའ་མའི་ཚོང་འབྲེལ་གྲངས་ཐོ་ལ་ཚང་མས་དོ་སྣང་བྱེད་བཞིན་ཡོད་ཅིང་། ཨ་ལི་བྷ་བྷ་(Alibaba)དང་(JD.com) གཉིས་ཀྱིས་ལོ་གཉིས་བསྟུད་མར་ཚོང་འབྲེལ་གྲངས་ཐོ་ཕྱིར་བསྒྲགས་བྱས་མེད་པ་རེད།

དཀའ་ངལ་ཡོད་ན་ཡང་ཁེར་རྐྱང་གི་ཉིན་མོ་ནི་རྒྱ་ནག་གི་ཚོང་ཁྲོམ་གྱི་བདེ་ཐང་མཚོན་བྱེད་ཅིག་ཡིན་པ་དང་། དེ་ནི་ཆག་ཡང་གིས་ཚོང་བྲིན་དུ་བཅུག་པ་དང་རྒྱུན་གནས་ཐུབ་པའི་ཁེ་སྤོགས་ཀྱི་ཚད་གཞི་འཚོལ་རྒྱུ་གཉིས་ཀྱི་དོ་མཉམ་གྱི་གནས་སྟངས་ཤིག་མཚོན་གྱི་ཡོད་པ་རེད།།

གསར་འགོད་པ། བསྟན་འཛིན་ཆོས་དབྱངས།

This will close in 0 seconds