འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་བཞིན་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་ནོར་འཁྲུལ་སྲུང་སྐྱོབ་བྱས་ཏེ་བསྟོད་བསྔགས་དང་། དེ་བཞིན་ཐའེ་ཝན་གྱི་ནད་ཡམས་བཀག་འགོག་གི་གྲུབ་འབྲས་མངོན་གསལ་ལ་སྣང་ཆུང་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་ནང་ལྷན་ཚོགས་ཀྱི་བྱེད་སྟངས་དེ་ལ་བརྟེན་ནས་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་བཞིན་འདུག

ཟླ་༣ པའི་ཚེས་༣༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཧོང་ཀོང་གི་བརྙན་འཕྲིན་ལས་ཁང་ཞིག་གིས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པར་བཅར་འདྲི་བྱས་སྐབས། གསར་འགོད་པས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐའེ་ཝན་ལ་ཚོགས་མིར་དེབ་སྐྱེལ་བྱེད་དུ་འཇུག་འཆར་ཡོད་མེད་དྲིས་སྐབས། ཁོང་གིས་ཐོག་མར་དྲི་བ་གོ་ཡི་མེད་མདོག་བྱས་པ་དང་། རྗེས་སུ་དྲི་བ་རྗེས་མ་དེ་གཏོང་བའི་རེ་སྐུལ་བྱས་ཏེ་གནད་དོན་དེའི་ཐོག་ལན་འདེབས་བྱས་མེད་པ་དང་། དེ་བཞིན་ཐའེ་ཝན་གྱིས་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་གྱི་གྲུབ་འབྲས་ཐོག་བསམ་ཚུལ་དྲིས་སྐབས། ཁོང་གིས་རྒྱ་ནག་གི་མངའ་ཁོངས་ཚང་མས་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་སྐོར་ལན་འདེབས་བྱས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་བྱེད་སྟངས་དེར་སྐྱོན་བརྗོད་བྱས་ཏེ། ལྷན་ཚོགས་དེ་རྒྱ་ནག་གི་རྒྱུག་ཁྱི་འདྲ་རུ་འགྲོ་ཡི་ཡོད་པ་དང་། འཐབ་ས་མདུན་མར་ལས་ཀ་བྱེད་མཁན་ལྷན་ཚོགས་ཀྱི་ལས་མི་ཚོས་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་ཀྱང་། ལྷན་ཚོགས་ཀྱི་འགོ་ཁྲིད་ཁག་ཅིག་གིས་ཏོག་དབྱིབས་ནད་དུག་གི་མགོ་སྟོད་ནས་བཟུང་རྒྱ་ནག་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེ་མ་བྱུང་བའི་སྔོན་ནས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་བཀག་འགོག་གི་ལས་དོན་ལ་བསྟོད་བསྔགས་བྱས་ཡོད་པས། འཕྲོད་བསྟེན་ཆེད་ལས་པ་དང་ལས་འགུལ་བ་སོགས་མང་པོ་ཞིག་གིས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཁར། ཁག་ཅིག་གིས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་ལ་ཕྱོགས་རིས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག དེ་ཡང་ལྷན་ཚོགས་དེར་མ་དངུལ་མང་ཤོས་སྤྲོད་མཁན་གྲས་སུ་རྒྱ་ནག་ཡོད་འདུག

དེ་བཞིན་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གལ་ཆེན་གནས་ཚུལ་མང་པོ་ཞིག་ལྷན་ཚོགས་བརྒྱུད་ནས། ཚོགས་མི་རྒྱལ་ཁབ་རྣམས་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག་པས། ཐའེ་ཝན་ལ་གནས་ཚུལ་རྣམས་ཐད་ཀར་ཐོབ་ཀྱི་མེད་ཁར། རྒྱ་ནག་བརྒྱུད་ནས་སམ་རྒྱལ་ཁབ་གཞན་གྱི་བརྒྱུད་ནས་ཐོབ་དགོས་ཀྱི་ཡོད་པ་དང་། དེ་བཞིན་ཐའེ་ཝན་གྱིས་རྒྱལ་ནང་དུ་ནད་ཡམས་བཀག་འགོག་གི་ལས་དོན་གྲུབ་དོན་སྙན་ཐོ་མང་པོ་ཞིག འཕྲོད་བསྟེན་ལྷན་ཚོགས་སུ་གཏོང་གི་ཡོད་འདུག་ཀྱང་། ལྷན་ཚོགས་ཀྱིས་གཞུང་འབྲེལ་སྙན་ཐོའི་ནང་ཐའེ་ཝན་གྱི་སྙན་ཐོ་འདོན་གྱི་མེད་འདུག་པས། ད་ལྟའི་ཆར་འཛམ་གླིང་ནང་ནད་ཡམས་བཀག་འགོག་གི་ལས་དོན་གྲུབ་འབྲས་ཡག་ཤོས་ཐོན་མཁན་ཐའེ་ཝན་ངོས་འཛིན་བྱེད་ཀྱི་ཡོད་པས། དེའི་སྐོར་གྱི་སྙན་ཐོ་འཛམ་གླིང་ལ་མཁོ་བ་ཡིན་ཡང་། རྒྱ་ནག་ལ་བསྟུན་མཁས་ཀྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐའེ་ཝན་གྱི་གྲུབ་འབྲས་ལ་སྣང་མེད་གཏོང་བཞིན་པའི་སྐྱོན་བརྗོད་ཡང་བྱེད་མཁན་འདུག

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་ལ། མི་མང་གི་འཕྲོད་བསྟེན་སྲུང་སྐྱོབ་བྱེད་པའི་ནུས་པ་དང་འདུན་པ་ཆེན་པོ་ཡོད་ཁར། རྒྱལ་སྤྱིའི་རྒྱལ་ཁབ་ཚང་མར་ལས་དོན་དེའི་ཐོག་ཉམས་མྱོང་བརྗེ་ལེན་བྱེད་འདོད་ཡོད་སྐོར་བསྒྲགས་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གནས་སྟངས་ཛ་དྲག་ཡིན་མིན་ལ་མ་ལྟོས་པར། རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་སྲུང་སྐྱོབ་བྱེད་བཞིན་ཡོད་ཁར། རྒྱ་ནག་གཞུང་ནས་ཀྱང་དེ་སྔོན་ཐའེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པས། ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་དང་འབྲེལ་བའི་གནས་ཚུལ་རྣམས་མཁོ་སྤྲོད་དུས་ཐོག་དང་། ཐའེ་ཝན་མི་མང་ལ་ཡང་སེམས་ཁུར་ཡོད་ཚུལ་བསྒྲགས་ཡོད་པ་རེད།

རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཐའེ་ཝན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཞུགས་ཐུབ་ཀྱི་མེད་པས། རྒྱུ་མཚན་དེ་ལ་བརྟེན་ནས་འཕྲོད་བསྟེན་ལྷན་ཚོགས་ལྟ་བུ་རྒྱལ་སྤྱིའི་ལྷན་ཚོགས་མང་པོ་ཞིག་གི་ཚོགས་མིར་དེབ་སྐྱེལ་བྱེད་ཐུབ་ཀྱི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།