འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་རུ་ཁག་གཅིག་ཝུ་ཧན་དུ་སླེབས་འདུག 

ཟླ་བ་མང་པོའི་རིང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་རྒྱ་ནག་གཞུང་བར་གྲོས་སྡུར་བྱས་རྗེས། མཐའ་མ་དེར་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཆེད་ལས་རུ་ཁག་གཅིག་ཝུ་ཧན་དུ་སླེབས་ཐུབ་པ་བྱུང་འདུག་ཀྱང་། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་ཐུབ་ཆེད་དུ་རྒྱ་ནག་གཞུང་གི་ཆ་རྐྱེན་ལ་ཤུགས་ཆེན་པོ་བརྟེན་དགོས་ཀྱི་ཡོད་འདུག 

ཟླ་༡ པོའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༥ ཉིན་ཚན་རིག་པ་གྲངས་༡༠ ཡོད་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་རུ་ཁག་གཅིག ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱེད་ཆེད་དུ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་དུ་འབྱོར་འདུག་པ་དང་། ཐོག་མར་ཁོ་ཚོ་བདུན་ཕྲག་གཉིས་རིང་ཟུར་བཀག་བྱེད་དགོས་ཀྱི་འདུག་པ་དང་། དེའི་རྗེས་སུ་ཉམས་ཞིབ་ལས་དོན་འགོ་བཙུགས་ཆོག་གི་ཡོད་འདུག 

རུ་ཁག་གི་འགོ་ཁྲིད་པཱི་ཀྲེར་བྷན་གྱིས་འགྲུལ་བཞུད་མ་བྱས་པའི་སྔོན་དུ་གསར་འགོད་པ་ཚོར། ཏོག་དབྱིབས་ནད་དུག་གང་འདྲ་འབྱུང་ཡོད་པ་གསལ་པོ་དང་ཆ་ཚང་བ་ཞིག་ཤེས་རྟོགས་ཐུབ་པར་དུས་ཚོད་རིང་པོ་འགོར་རྒྱུ་ཡིན་པ་དང་། ཐེངས་འདིར་ཝུ་ཧན་དུ་ཉམས་ཞིབ་ལས་དོན་དེའི་རྗེས་སུ་ལན་གསལ་པོ་ཞིག་ཐོབ་རྒྱུ་ཁག་པོ་ཡིན་པ་དྲན་གྱི་ཡོད་ཀྱང་མདུན་སྐྱོད་གཅིག་བྱེད་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག 

ཚན་རིག་པའི་ཞིབ་འཇུག་རུ་ཁག་དེས་ཞིབ་འཇུག་གི་རྒྱུ་ཆ་དང་ས་གནས་ཁག་ཏུ་སྐོར་སྐྱོད། དེ་བཞིན་འབྲེལ་ཡོད་མི་སྣར་བཅར་འདྲི་སོགས་ཀྱི་ལས་དོན་ཚང་མ་རྒྱ་ནག་གཞུང་ལ་བརྟེན་དགོས་ཀྱི་འདུག་པ་དང་། ཉམས་ཞིབ་ཀྱི་ཡིག་ཆ་དང་གྲངས་ཐོ་རྣམས་རྒྱ་ནག་གཞུང་གིས་གང་མཁོ་སྤྲོད་བྱས་པ་དེར་བརྟེན་དགོས་ཀྱི་ཡོད་འདུག་པས། ཉམས་ཞིབ་སྤུས་ཚད་ལྡན་པ་འབྱུང་མིན་བརྗོད་དཀའ་བ་ཡིན་འདུག དེ་བཞིན་འདས་པའི་ཟླ་ཤས་རིང་ནས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་དེ་ཡུ་རོབ་ཀྱི་རྒྱལ་ཁབ་སཱེ་པན། ཡང་ན་ཨི་ཊ་ལིའམ་ཨ་རི་ཡིན་སྲིད་སྐོར་གྱི་དྲིལ་བསྒྲགས་ལས་འགུལ་བརྩམས་བཞིན་འདུག 

བདུན་ཕྲག་སྔོན་མར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་(Tedros Adhanom Ghebreyesus) གྱིས། རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཆེད་ལས་པ་རྣམས། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག་ཉམས་ཞིབ་བྱེད་ཆེད་དུ་རྒྱ་ནག་ཏུ་འགྲུལ་བཞུད་བྱེད་རྩིས་བྱས་སྐབས་བཀག་འགོག་བྱས་ཡོད་པས། བློ་ཕམ་ཆེན་པོ་ཡོད་པ་དང་། རྒྱ་ནག་གི་མཐོ་རིམ་ལས་བྱེད་དང་འབྲེལ་བ་བྱས་ནས། ལས་དོན་དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་རྒྱལ་སྤྱིའི་རུ་ཁག་ལ་ལས་དོན་གལ་གནད་ཆེ་ཤོས་ཤིག་ཡིན་པ་དང་། ལས་དོན་དེ་གང་མགྱོགས་སྤེལ་རྒྱུའི་འདོད་པ་ཡོད་པ་བརྡ་ལན་སྤྲད་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ནས་གང་མགྱོགས་ལས་དོན་དེ་སྤེལ་རྒྱུ་ཡོང་བ་བཟོ་རྒྱུ་ཁས་ལེན་བྱས་སྐོར་བརྗོད་ཡོད་པ་རེད། 

དེ་ཡང་ལོ་སྔོན་མའི་ཟླ་༥ པའི་ནང་རྒྱལ་ཁབ་༡༠༠ ལས་མང་བས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག རང་དབང་ལྡན་པའི་ཞིབ་འཇུག་དགོས་པའི་གྲོས་ཆོད་ལ་མིང་རྟགས་བཀོད་རྗེས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཁས་ལེན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་ལྟ་གཞི་ནས་ཉམས་ཞིབ་རུ་ཁག་གཅིག་ཝུ་ཧན་དུ་སླེབས་བཅུག་ཡོད་པ་རེད། རྒྱལ་སྤྱིའི་ནང་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་འགོ་སྟོད་དུ། ནད་པའི་ཁ་གྲངས་ཆེད་དུ་མངགས་ནས་ཉུང་དུ་བཏང་ཡོད་པའི་གསང་བའི་ཡིག་ཆ་ཕྱིར་ཐོན་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་དཔོན་རིགས་དང་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཀྱི་ལོ་རྒྱུས་འགྱུར་བ་གཏོང་ཐབས་བྱེད་བཞིན་འདུག དེ་ཡང་ཁོ་ཚོས་ཉམས་ཞིབ་མང་པོ་བྱས་པ་བརྒྱུད། ཏོག་ནད་ཁྱབ་གདལ་དེ་འཛམ་གླིང་གི་ས་གནས་མང་པོར་ཁྱབ་གདལ་ལོག་ཁ་བྱུང་ཡོད་པའི་བསམ་ཚུལ་ཐོན་བཞིན་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་ནང་དུ་གྲོང་ཁྱེར་མང་པོའི་ནང་ནད་དུག་ཁྱབ་གདལ་སོང་ཡོད་ཁར། ནད་འབུ་དེ་དག་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཟ་ཆས་དང་ཅ་དངོས་ཐོག་ཏུ་ཡང་རྙེད་སོན་བྱུང་ཡོད་ཚུལ་གྱི་གནས་ཚུལ་བརྗོད་ནས། ནད་དུག་གི་འབྱུང་ཁུངས་ལོ་རྒྱུས་འགྱུར་བ་གཏོང་གང་ཐུབ་བྱེད་བཞིན་ཡོད་འདུག 

ཨོ་སི་ཀྲོ་ལི་ཡ་དང་ཨ་རི་གཉིས་ཀྱིས་ཏོག་དབྱིབས་ནད་དུག་ཐོག་མར་ཁྱབ་གདལ་སོང་སྐབས། རྒྱ་ནག་གཞུང་གིས་ནད་ཡམས་ཀྱི་ཛ་དྲག་རང་བཞིན་ཆུང་དུ་གཏོང་ཐབས་དང་འགེབས་སྲུང་བྱས་པར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག་ཞིབ་འཇུག་རང་དབང་ལྡན་པ་དགོས་པའི་དགོས་འདུན་འདོན་མཁན་ཤུགས་ཆེ་ཤོས་གཉིས་ཆགས་ཡོད་པ་རེད། དེ་ལ་བརྟེན་ནས་ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ཚད་དམའ་ཤོས་སུ་ཆགས་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།