འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཐེབས་པའི་བུད་མེད་༡༠༠ནང་བཙུན་མ་ཞིག་དང་བོད་པའི་བུད་མེད་གཅིག་བདམས་འདུག

ཟླ་འདིའི་ཚེས་༢༡ ཉིན་བྷི་བྷི་སི་གསར་ཁང་གིས་ཕྱི་ལོ་༢༠༢༣ ལོའི་འཛམ་གླིང་ཐོག་མི་སེམས་ལ་སྐུལ་མ་ཐེབས་པ་དང་ཤུགས་རྐྱེན་ལྡན་པའི་བུད་མེད་བརྒྱ་ཡི་མིང་ཐོ་ཁྱབ་བསྒྲགས་གནང་ཞིང་། མིང་ཐོའི་ནང་རྒྱ་གར་ལ་ཡོད་པའི་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་དང་བོད་ནང་བུད་མེད་དཔལ་དབྱངས་གཉིས་ཀྱང་ཚུད་ཡོད་འདུག

པར། བྷི་བྷི་སི།

བྷི་བྷི་སི་གསར་ཁང་གིས་ལོ་རེར་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་དང་མི་སེམས་ལ་སྐུལ་མ་ཐེབས་པའི་བུད་མེད་༡༠༠ བདམས་ནས། བུད་མེད་དེ་དག་གི་འཚོ་བའི་གནས་ཚུལ་ཐོག་ལ་བཅར་འདྲི་དང་དངོས་བྱུང་གློག་བརྙན་བཟོས་པ་སོགས་བུད་མེད་ལྟེ་བར་འཛིན་པའི་གཏམ་རྒྱུད་དག་བྷི་བྷི་སིའི་སྟེགས་བུའི་ཐོག་ཁྱབ་བསྒྲགས་དང་འགྲེམས་སྤེལ་བྱེད་ཀྱི་ཡོད་འདུག

བུད་མེད་དེ་དག་གི་ཁྲོད་རྩེད་མོ་བ་དང་ཆབ་སྲིད་པ་གྲགས་ཅན། དེ་བཞིན་འཁོར་ཡུག་དང་འཕྲོད་བསྟེན། ཚན་རིག་དང་རིག་གཞུང་། ཤེས་ཡོན་དང་འཕྲུལ་རིག་སོགས་ལས་རིགས་སྣ་ཚོགས་ཐོག་ལ་དཀའ་ལས་བརྒྱབ་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་མཁན་ཤ་སྟག་ཆགས་ཡོད་འདུག

པར། བྷི་བྷི་སི།

དེའི་ཁྲོད་ཀྱི་གཅིག་ནི་རྒྱ་གར་ནང་ཡོད་པའི་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་ཡིན་པ་དང་། ཁོང་ནི་ཕྱི་ལོ་༡༩༤༠ ལོར་ཨིངྒ་ལེནྜ་(England) ་ལ་སྐྱེས། དགུང་ལོ་ཉི་ཤུའི་ཐོག་རྒྱ་གར་དུ་ཕྱིན་ནས་རབ་ཏུ་བྱུང་བས་ཁོང་ནི་ནུབ་ཕྱོགས་པའི་ནང་པའི་བཙུན་མ་ཐོག་མའི་གྲས་ཤིག་ཆགས་ཡོད་འདུག།

ཁོང་གིས་རྒྱ་གར་ལ་ཧུལ་(Lahaul) ་གངས་ཀྱི་རི་ལ་ལོ་ངོ་བཅུ་གཉིས་རིང་སྒོམ་ཉམས་ལེན་ལ་རྩེ་གཅིག་ཏུ་འབུངས་ནས་བཞུགས་ཤིང་། ཕྱི་ལོ་༢༠༠༨ ལོར་ཁོང་ལ་རྗེ་བཙུན་མ་ཞེས་པའི་མཚན་དེ་ཐོབ་ཡོད་འདུག

ཁོང་གིས་བཙུན་མ་ཚོའི་གནས་བབ་ཡར་རྒྱས་གཏོང་ཆེད་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ནང་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་ཕྱག་བཏབ་ཅིང་ད་ལྟའི་ཆར་བཙུན་དགོན་དུ་བཙུན་མ་༡༢༠ ལྷག་བཞུགས་ཡོད་འདུག ཁོང་ནི་སྙན་གྲགས་ཆེ་བའི་རྩོམ་པ་པོ་དང་དགེ་རྒན་ཞིག་ཀྱང་ཡིན་འདུག

གཞན་ཡང་བོད་པའི་བུད་མེད་དཔལ་དབྱངས་(Bayang) ཀྱང་བྷི་བྷི་སི་གསར་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲགས་ཅན་བུད་མེད་བརྒྱའི་ནང་ཚུད་འདུག ཁོང་མོས་ཕྱི་ལོ་༢༠༡༨ ནས་ས་གནས་ད་གའི་སྐྱེ་དངོས་རིགས་དང་ཆུ་ཁུངས་ཀྱི་འགྱུར་ལྡོག་ཐོག་ཉིན་ཐོ་འབྲི་འགོ་བཙུགས་པ་དང་། གནམ་གཤིས་དང་རྩི་ཤིང་ལ་ལྟ་ཞིབ་བྱེད་འགོ་བཙུགས་ཡོད་འདུག

ར། བྷི་བྷི་སི།

ཁོང་ནི་གནམ་གཤིས་འགྱུར་ལྡོག་གི་དབང་གིས་ཚ་དྲོད་འཕེལ་བ་དང་འཁྱགས་རོམ་ཞུ་བ། ས་གཞི་བྱེ་ཐང་དུ་འགྱུར་བཞིན་པའི་མཚོ་སྔོན་ལ་བཞུགས་ཡོད་འདུག

དེ་བཞིན་ཁོང་མོ་ནི་(Sanjiangyuan Women Environmentalists Network) ཞེས་པའི་ཚོགས་པའི་ཚོགས་མི་དང་རྒྱུན་དུ་ཁོང་མོའི་སྡེ་ཁུལ་དུ་འཕྲོད་བསྟེན་དང་ཁོར་ཡུག་རྒྱུན་གནས་ཐོག་གོ་རྟོགས་སོགས་སྤེལ་བཞིན་ཡོད་འདུག

ཁོང་མོ་ལ་ཁོར་ཡུག་རྗེས་མཐུན་(eco-friendly) ་གྱི་ཐོན་རྫས་འདག་རྫས་དང་ཁུག་མ། མཆུ་སྣུམ་སོགས་བཟོ་བའི་ལག་རྩལ་ལྡན་པ་དང་། ཁོང་མོས་ས་གནས་ཀྱི་ཆུ་ཁུངས་སྲུང་སྐྱོབ་ཆེད་མི་གཞན་དག་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ནང་ཞུགས་པར་སྐུལ་མ་བྱེད་ཀྱི་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།