འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐེངས་ལྔ་བཅུ་པ་དེ་ཨི་ཊ་ལི་ལ་འཚོག་རྒྱུ་རེད་འདུག

ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐེངས་ལྔ་བཅུ་པ་དེ་ཚེས་༡༣ ནས་ཉིན་གྲངས་གསུམ་གྱི་རིང་ཨི་ཊ་ལི་ལ་འཚོག་རྒྱུ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ཡུག་རེན་གྱི་དམག་འཁྲུག་དང་ཨི་སི་རེལ་གྱི་དམག་འཁྲུག དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་གནས་སྤོ་བའི་དཀའ་ངལ་སོགས་ཀྱི་ཐོག་ལ་བཀའ་མོལ་གནང་རྒྱུ་ཡིན་འདུག

པར། New York Times

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐེངས་ལྔ་བཅུ་པ་དེ་ཟླ་འདིའི་ཚེ་༡༣་ནས་༡༥ བར་ཨི་ཊ་ལི་ལ་འཚོགས་འཆར་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ཏུ་ཡུག་རེན་གྱི་དམག་འཁྲུག་དང་དབུལ་ཤར་གྱི་གནས་སྟངས་དང་གནམ་གཤིས་འགྱུར་ལྡོག རྒྱ་གར་ཞི་བདེ་རྒྱ་མཚོའི་གནས་སྟངས་དང་དཔལ་འབྱོར་བདེ་འཇགས་སོགས་ཀྱི་ཐོག་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་ལྷན་ཚོགས་ཀྱི་དོན་དུ་གཉེར་བའི་དྲྭ་རྒྱའི་ཐོག་གསལ་ཡོད་འདུག
སྟོབས་ཆེན་རྒྱལ་ཁབ་བདུན་ལས་བཞི་ནི་ཡུ་རོབ་ནས་ཡིན་ཞིང་། ཡུག་རེན་གྱི་གནས་དོན་ནི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དམིགས་འབེན་འཛུགས་ས་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་། ཡུག་རེན་གྱི་སྲིད་འཛིན་ཡང་གྲོས་མོལ་ནང་མཉམ་ཞུགས་ཀྱིས་ནུབ་ཕྱོགས་མཐུན་གྲོགས་ཚོའི་རྩ་ནས་རོགས་སྐྱོར་འབོར་ཆེན་དགོས་པའི་ནན་སྐུལ་བྱེད་རྒྱུ་ལ་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཨུ་རུ་སུས་ཕྱི་ལོ་༢༠༢༢ ལོར་ཡུག་རེན་ནང་ལ་དམག་བརྒྱབ་པ་ནས་བཟུང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཡུལ་ལུང་དེ་དག་གི་ནང་ཡོད་པའི་ཨུ་རུ་སུའི་ཨ་སྒོར་ཐེར་འབུམ་༣༠༠ ་ལྷག་བཀག་སྡོམ་བྱས་ནས་བེད་སྤྱོད་གཏོང་མི་ཐུབ་པ་བཟོས་ཡོད་འདུག ཐེངས་འདིའི་ལྷན་ཚོགས་ཐོག་དངུལ་སྒོར་དེ་དག་ལས་བྱུང་བའི་སྐྱེད་ཀ་ཨ་སྒོར་ཐེར་འབུམ་༥༠ ཙམ་ཞིག་ཡུག་རེན་ལ་གཡར་རྒྱུའི་ཐག་ཆོད་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག
དེ་བཞིན་ལྷན་ཚོགས་ཐོག་གྷ་རྫའི་དམག་འཁྲུག་ཐོག་ལ་གླེང་སློང་བྱེད་རྒྱུ་ཡིན་འདུག ཨ་རིའི་སྲིད་འཛིན་གྱིས་ཨི་སི་རེལ་དང་ཧ་མ་སིའི་དམག་འཁྲུག་མཚམས་འཇོག་རྒྱུ་དང་། འཛིན་བཟུང་བྱས་པའི་གཏའ་མི་གློད་བཀྲོལ་གཏོང་རྒྱུ། གྷ་རྫའི་ཁུལ་དུ་རོགས་སྐྱོར་མང་དུ་གཏོང་རྒྱུ། ཕྱོགས་གཉིས་ཀྱི་མི་སེར་ཚོར་བདེ་འཇགས་ཡོང་བའི་ཞི་བདེའི་གྲོས་མཐུན་ཞིག་འཇོག་རྒྱུའི་གྲོས་འཆར་ཞིག་བཏོན་ཡོད་པར། སྟོབས་ཆེན་རྒྱལ་ཁབ་བདུན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་ཁས་ལེན་བྱས་ཡོད་འདུག རྒྱལ་ཁབ་དེ་དག་ལ་མཚོན་ན་ཡང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་འགོག་རྒྱུ་དང་། རྡོ་སྣུམ་གྱིས་ཕྱུག་པའི་ས་ཁུལ་དུ་རྩོད་རྙོག་མི་ཁྱབ་པ་བྱེད་རྒྱུ། མཚོ་དམག་གྱི་གྲུ་གཟིངས་ལ་འཇབ་རྒོལ་མི་ཡོང་བ་སོགས་རྒྱུ་མཚན་དུ་མར་བརྟེན། གྷ་རྫ་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུ་ནི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་འདུག
གཞན་ཡང་རྒྱ་གར་ཞི་བདེ་རྒྱ་མཚོ་ནི་ཐབས་ཇུས་ཀྱི་ཆ་ནས་གལ་ཆེན་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་སྟོབས་ཆེན་རྒྱལ་བདུན་གྱི་ཚོགས་ཁོངས་སུ་ཡོད་པའི་ཉི་ཧོང་ལ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་འདུག རྒྱལ་ཁབ་དེ་དག་གིས་མངའ་ཁུལ་འདིའི་དཔལ་འབྱོར་གྱི་གནས་བབ་དང་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་ཡོང་བཞིན་པར་ངོས་འཛིན་གྱིས། མངའ་ཁུལ་དེར་འབྲེལ་བ་ཟབ་མོ་འཛུགས་པའི་སྲིད་ཇུས་བཟོ་བཞིན་ཡོད་འདུག
ད་ལྟའི་ཆར་ལྷན་ཚོགས་དེའི་ཚོགས་མི་རྒྱལ་ཁབ་དག་ནི་ཨ་རི་དང་ཉི་ཧོང་། དབྱིན་ཇི་དང་ཧྥ་རན་སི། ཁེ་ན་ཊ་དང་འཇར་མན་ནི། ཨི་ཊ་ལི་བཅས་ཡིན་འདུག།རྒྱ་གར་ནི་ཚོགས་ཁོངས་སུ་མེད་ཀྱང་། རྒྱ་གར་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་ནི་ལྷན་ཚོགས་ཀྱི་ཁོངས་སུ་ཡོད་པའི་ཁེ་ན་ཌ་དང་ཧྥ་རན་སི། ཨི་ཊ་ལི་དང་དབྱིན་ཡུལ་ལས་ཤུགས་ཆེ་བ་མ་ཟད། འཛམ་གླིང་ཐོག་དཔལ་འབྱོར་གྱི་འཕར་ཚད་མྱུར་ཤོས་གྲས་སུ་བསླེབས་ཡོད་པ་སོགས་ལ་བརྟེན། རྒྱ་གར་གྱི་སྲིད་བློན་མོ་དྷི་ཡང་གདན་འདྲེན་ཞུས་ཡོད་འདུག

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐེངས་ལྔ་བཅུ་པ་ནི་དེ་སྔ་དང་མི་འདྲ་བ། ཡུག་རེན་གྱི་དམག་འཁྲུག་དང་དབུས་ཤར་གྱི་དམག་འཁྲུག ལྷག་པར་དུ་ཨ་རི་གཙོས་པའི་ཚོགས་ཁོངས་རྒྱལ་ཁབ་ཁག་གི་ནང་དུ་འོས་བསྡུ་སླེབ་བཞིན་ཡོད་པར་བརྟེན། ལྷན་ཚོགས་ཐོག་གི་ཐག་གཅོད་ཀྱིས་ཕྱོགས་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད་པས་དུས་ཚོད་གཉན་འཕྲང་ཅན་ཞིག་ལ་འཚོགས་བཞིན་ཡོད་འདུག
ལྷན་ཚོགས་དེ་ནི་ཕྱི་ལོ་༡༩༧༥ ལོར་དབུ་འཛུགས་བྱས་པ་དང་སྐབས་དེར་འཛམ་གླིང་ཁྱོན་ཡོངས་ལ་དཔལ་འབྱོར་ཉམས་ཉེས་དང་སྣུམ་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་པར་བརྟེན། བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དྲུག་གིས་མཉམ་རུབ་ཐོག་ཚོགས་པ་དེ་གསར་འཛུགས་བྱས་ནས་གོ་ལའི་དཔལ་འབྱོར་གྱི་གནད་དོན་ཐོག་ལ་གྲོས་བསྡུར་བྱས་ཡོད་འདུག
ཕྱི་ལོ་༡༩༧༦ ལོ་ཁེ་ན་ཊ་དང་ཕྱི་ལོ་༡༩༩༨ ལོར་ཨུ་རུ་སུ་བཅས་ཚོགས་པ་དེའི་ནང་དུ་འཛུལ་ཞུགས་བྱས་ཡོད་ཀྱང་། ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་ཁེ་རེ་མ་ཡ་(Crimea) ཞེས་པའི་ས་ཁུལ་དེ་ཨུ་རུ་སུའི་དབང་འོག་ཏུ་ཟླ་སྒྲིལ་བཏང་བར་བརྟེན། ཨུ་རུ་སུ་ལྷན་ཚོགས་དེ་ནས་གནས་དབྱུང་བཏང་བའི་དབང་གིས་ད་ཆ་ཚོགས་ཁོངས་སུ་རྒྱལ་ཁབ་བདུན་མ་གཏོགས་མེད་པ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།