འོས་བསྡུ་ལས་ཁང་གིས་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ལ་སྡིངས་ཆ་མ་སྤྲད་པ་རེད།

ཟླ་འདིའི་ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལས་ཁང་གིས་སྲིད་སྐྱོང་འོས་མི་གཉིས་ལས་བཞག་མེད་པ་གསལ་བསྒྲགས་སྤེལ་བ་དང་། ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་སྲིད་སྐྱོང་འོས་མིར་ལངས་མཁན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཁོང་དངོས་གཞིའི་འོས་མིའི་ནང་མ་བཞག་པ་དེ་དྲང་པོ་མ་ཡིན་པའི་སྐོར་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

ཐེངས་འདིའི་སྲིད་སྐྱོང་འོས་བསྡུའི་སྔོན་འགྲོའི་ནང་ལངས་རྒྱུའི་གསལ་བསྒྲགས་དངོས་སུ་བྱེད་མཁན་མི་ལྔ་བྱུང་བ་དང་། དེའི་ནང་ནས་ཨ་ཚོགས་ཀླུ་མཁར་བྱམས་བོད་རང་བཙན་འཐབ་རྩོད་དགོས་པའི་ལྟ་བ་ལངས་ཕྱོགས་འཛིན་མཁན་དང་། གཞན་བཞི་ནི་རྒྱ་ནག་གི་རྩ་ཁྲིམས་འོག་ས་གནས་མི་རིགས་རང་སྐྱོང་དགོས་པའི་ལངས་ཕྱོགས་འཛིན་མཁན་ཡིན་པ་རེད། སྔོན་འགྲོའི་འོས་བསྡུའི་ནང་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ཨང་དང་པོ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་ཨང་གཉིས་པ། ཨ་ཚོགས་ཀླུ་མཁར་བྱམས་ཨང་གསུམ་པ་ཆགས་ཡོད་པ་དང་། འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་མིར་དང་པོ་གཉིས་པ་ལས་གཞན་བཀྲམ་མེད་པ་རེད།

Atsokགསར་འགོད་ལྷན་ཚོགས་ཐོག་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསུང་དོན། “ཐེངས་འདིའི་སྲིད་སྐྱོང་འོས་མིའི་ནང་ང་ལངས་པ་རེད་ལ། སོ་སོར་འོས་མ་ཐོབ་ནའང་འོས་ཐོབ་མཁན་ཚོར་འཚམས་འདྲི་བྱེད་དགོས་པ་འགྲོ་སྟངས་ཤིག་རེད་མོད། ངས་དེ་རིང་འཚམས་འདྲི་བྱེད་མ་ཐུབ་པའི་རྒྱུ་མཚན་ང་ཚོ་འོས་འདེམས་ནང་ཞུགས་ནས། འོས་ཤོག་གིས་ཁ་གྲགས་ནས་ང་ཚོ་ཕམ་པ་ཞིག་མ་རེད། འོས་བསྡུ་ལས་ཁང་གིས་ཁྲིམས་སྒྲིག་བར་བཟོ་བྱས་ནས་དབང་ཤུགས་ཀྱིས་ང་མར་ཕུད་བཞག་པ་ཞིག་ཡིན་པས་ངས་འཚམས་འདྲི་ཞུ་མ་ཐུབ་པ་ལས། མི་སྒེར་གྱི་གནད་དོན་དང་འོས་འཕེན་མཁན་མི་མང་གི་འོས་ཤོག་ལ་གུས་བརྩི་མེད་པ་དེ་འདྲ་མ་རེད། སྤྱིར་བཏང་ང་ཀླུ་མཁར་བྱམས་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ནང་མ་བཞག་པ་གནད་དོན་ཆེན་པོ་ཞིག་མ་རེད། ཡིན་ཡང་འོས་བསྡུ་ལས་ཁང་གིས་འོས་མི་གཉིས་ལས་མ་བཞག་པ་དེ། ང་ཐོག་མར་ལངས་དུས་ནས་བོད་རང་བཙན་གྱི་དམིགས་ཡུལ་ཐོག་ནས་ལངས་ཀྱི་ཡོད་ཅེས་བཤད་ཡོད། དེར་བརྟེན་འོས་བསྡུ་ལས་ཁང་གིས་ང་བཀག་པ་དེ་བོད་རང་བཙན་གྱི་བརྒྱུད་ལམ་ཞིག་དང་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་འཛིན་མཁན་ལ་འོས་ཐོབ་མིན་ལ་མ་ལྟོས་པར་སྡིངས་ཆ་ཡང་མ་སྤྲད་པ་རེད། བོད་ཀྱི་ལོ་རྒྱུས་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཤི་བོ་རྣམས་ཀྱི་དུར་ས་ནས་ཁྲེལ་མེད་བྱས་པ་དང་། ལོ་རྒྱུས་ལ་འགན་མ་ཁུར་པ་ཞིག་རེད། བོད་བཙན་བྱོལ་བ་ཆགས་དགོས་པ་དེ་རྒྱལ་ཁབ་ཤོར་ནས་ཡོང་བ་དང་། ད་ལྟ་དམིགས་ཡུལ་ཞིག་ཡོད་ན་རྒྱལ་ཁབ་སླར་གསོ་བྱེད་དགོས་པ་རེད་མོད། རྒྱལ་ཁབ་སླར་གསོའི་སྐད་ཆ་སྲིད་སྐྱོང་འོས་མི་ཞིག་གིས་བཤད་ཡོང་དུས། དེ་ཁྲིམས་སྒྲིག་བར་བཟོ་བྱས་ནས་བཀག་བཞག་པ་དེ་ངས་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་བཀག་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་སྔོན་མའི་འོས་བསྡུའི་སྐབས་དེ་ཚོར་དངོས་གཞིའི་འོས་བསྡུའི་ནང་ལངས་མཁན་ག་ཚོད་ཡོད་ནའང་འཇོག་རྒྱུ་ཡིན་པ་གསལ་པོ་ཡིན་སྐོར་དང་། མང་ཆེ་བ་དགོངས་པ་ཞུས་པ་དང་། སྐབས་སྔོན་མར་སྲིད་སྐྱོང་འོས་མི་གསུམ་བཀྲམ་ཡོད་སྐོར། ད་ཐེངས་མི་མང་ཁྲོད་འོས་མི་གསུམ་པ་དེ་ཡང་འཇོག་དགོས་པའི་འབོད་སྐུལ་བྱེད་མཁན་མང་པོ་བྱུང་ནའང་། འོས་བསྡུ་ལས་ཁང་གིས་ངོས་ལེན་མ་བྱས་སྐོར་གསུངས་སོང་།

“འོས་བསྡུ་ལས་ཁང་གིས་ཆེད་དུ་མི་གཉིས་བཞག་པ་དེས་རྒྱ་ཆེའི་མི་མང་གི་འདོད་པ་སྐོང་ཐུབ་ཀྱི་རེད་དམ། གལ་སྲིད་སྐོང་མ་ཐུབ་ན་ཆབ་སྲིད་ཀྱི་ཁྱབ་ཁོངས་འོག་ནས་འདེམས་ཀ་གསུམ་པ་ཞིག་མ་སྤྲད་པའི་འགན་དེ་འོས་བསྡུ་ལས་ཁང་གིས་ཁུར་དགོས་པ་རེད་ལ། ད་ལྟ་སྲིད་སྐྱོང་ལ་ལངས་བསྡད་མཁན་ལ་འགན་ཡོད་པ་རེད། སོ་སོའི་འོས་ཤོག་གཅིག་པུ་མ་གཏོགས་གཞན་པའི་གནས་སྟངས་གཅིག་ལ་དོ་སྣང་མ་བྱས་པ་དེ་ཡག་པོ་ཞིག་མ་རེད། ང་ཚོའི་འོས་བསྡུའི་སྐོར་དེ་བརྒྱུད་ལམ་ཁག་ནས་གསལ་པོ་ཧ་གོ་ཡོད་པ་རེད། ཞུ་སྐུལ་བྱེད་མཁན་དེ་འདྲ་མང་པོ་བྱུང་བ་རེད། བོད་དོན་རྒྱབ་སྐྱོར་བ་མང་པོས་ས་ཡིག་བརྒྱབ་ནས་བཏང་བ་དང་། བཙན་བྱོལ་བོད་མིའི་མང་གཙོ་དེ་ཡག་པོ་ཞིག་ཡོང་ན་བསམ་པ་རེད། དེ་ཚོ་གཅིག་ལ་ཡ་ལན་བྱས་ཡོད་པ་མ་རེད་”ཅེས་དང་། “ང་ཚོའི་མང་གཙོ་ལ་ཆ་འཇོག་དང་བརྩི་མཐོང་མེད་པ་ཞིག་སུས་བཟོ་ས་རེད་ཟེར་ན། ད་ལྟ་དབང་ཆ་ཡོད་པའི་ཤོག་ཁག་འདིས་བཟོ་ས་རེད། མང་གཙོ་ལུང་པར་མང་གཙོའི་འགྲོ་སྟངས་ཤིག་ཡོད་པ་རེད། ཚང་མས་ཧ་གོ་ཡི་རེད་”ཅེས་རྒྱ་གར་དང་ཨ་རི་སོགས་ཀྱིས་ཀྱང་དེ་ལ་དོ་སྣང་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

“ད་ཐེངས་ང་ལ་འོས་ཤོག་བླུགས་པ་དེ་རང་བཙན་འཐབ་རྩོད་འགོ་བཙུགས་པ་ཞིག་རེད་ལ། འདི་རྣོ་ངར་ལྡན་པ་དང་རྒྱུ་མཚན་ལྡན་པ་ཞིག་རེད། མ་འོངས་པར་འཕེལ་ཕྱོགས་ཡག་པོ་ཞིག་ལ་འགྲོ་རྒྱུ་ཡིན་པ་དེ་ངས་བཤད་ཐུབ་ཀྱི་འདུག་”ཅེས་དང་།

“བོད་རང་བཙན་འཐབ་རྩོད་དེ་མུ་མཐུད་མཇུག་བསྐྱངས་ནས་འགྲོ་རྒྱུ་རེད། བཙན་བྱོལ་བོད་གཞུང་གིས་བྱེད་སྟངས་ལས་སྟངས་ང་ཚོས་གསལ་པོ་ཧ་གོ་ཚར་བས། དེ་ཧ་གོ་བ་དེ་མ་འོངས་པར་ནུས་པ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག་”ཅེས་དང་། “སྲིད་སྐྱོང་གི་དངོས་གཞིའི་ནང་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ལ་ངས་འོས་བླུགས་ཐུབ་ས་མ་རེད། ངའི་ད་ཐེངས་ཀྱི་སྲིད་སྐྱོང་འོས་ཤོག་སྟོང་པ་ཡིན། རང་བཙན་ལ་འགྲོ་ཡི་ཡིན་ཟེར་མཁན་ཞིག་གིས་དབུ་མའི་ལམ་ལ་འོས་བླུགས་ན་སོ་སོ་སོ་སོས་ནག་ཁུང་ནང་ཁྲིད་པ་འདྲ་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།