འོས་བསྡུ་ལས་ཁང་གིས་འོས་བསྡུའི་ལས་རིམ་ཤར་བསྐྱོད་འགྲོ་ཐབས་སུ་མཐུན་འགྱུར་གནང་རོགས་གསུངས་སོང་། 

ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་གིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་གངས་སྐྱིད་ཕྱི་དྲིལ་ཚོགས་ཁང་དུ་བསྐོངས་སོང་། 

གསར་འགོད་ལྷན་ཚོགས་ཐོག་སྤྱི་འཐུས་ཀྱི་དམ་འབུལ་དང་འབྲེལ་ནས་ལམ་སྟོན་གསལ་བཤད་དོན་ཚན་ལྔ་ཅན་ཞིག་སྤེལ་སོང་བ་དང་། ༡། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༥༣ ནང་“དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ཉིན་སྐབས་དེའི་འོས་བསྡུའི་ལས་དོན་གྲུབ་པར་ངོས་འཛིན་བྱེད་དགོས་” ཞེས་གསལ་བ་དང་དོན་ཚན་༥༥ ནས་༦༠ བར་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་འགན་དབུས་འོས་བསྡུ་ལས་ཁང་ལ་བསྩལ་བ་བཞིན་གྲ་སྒྲིག་ཆ་ཚང་ཞུས་ཡོད། རྩ་བའི་དམ་འབུལ་དང་འབྲེལ་བའི་ལས་དོན་ཚོགས་དྲུང་ལས་ཁུངས་ཀྱི་ཐུགས་འགན་ཡིན་ནའང་། བཅའ་ཁྲིམས་དོན་ཚན་༤༥ ལག་བསྟར་ཞུ་རྒྱུར་འགོག་རྐྱེན་འཕྲད་སྟབས་དབུས་འོས་བསྡུ་ལས་ཁང་ནས་གསལ་བཤད་མི་ཞུ་ཐབས་མེད་གྱུར། དམ་འབུལ་དང་། ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུ་གྲུབ་མཚམས་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་ཡོད།

༢། ད་ཐེངས་སྐབས་༡༧ པའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ལམ་ལྷོངས་མ་བྱུང་བའི་རྐྱེན་རྩ་གཙོ་བོ་དེ་ཚོགས་དྲུང་ལས་ཁུངས་ནས་བཅའ་ཁྲིམས་དང་མ་མཐུན་པའི་དམ་འབུལ་ཞུ་ཡུལ་ཁག་གཉིས་བཟོས་པར་འདི་ནས་འགན་འཁུར་དགོས་པའི་ཡིག་ཐོག་ཕུལ་སྐབས། དཀའ་རྙོགས་ཀྱི་འབྱུང་རྐྱེན་གཙོ་བོར་གྱུར་བར་ངོས་ལེན་ཞུ་ཐབས་མེད་པ་དང་། མཇུག་འབྲས་ཇི་ཆགས་འགན་ཡང་འཁུར་ཐབས་མེད་ཅེས་གསལ་འདེབས་གནང་སྟངས་ལ་གཞིགས་སྐབས། བཅའ་ཁྲིམས་དང་སྒྲིག་འཁུར་གང་ཡང་ཞུ་མི་དགོས་པའི་གདེང་སྤོབས་དང་གནང་སྟངས་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད།

༣། ཕྱི་ལོ་༢༠༢༡ ཕྱི་ཟླ་༦ ཚེས་༨ ཕྱི་དྲོ་བདམས་ཐོན་སྤྱི་འཐུས་སྐུ་ཚབ་བཞི་ཕེབས་པ་རྣམས་ནས་སྤྱི་འཐུས་གྲངས་༤༤ ཡི་མཚན་གཞུང་དང་གྲངས་༤༣ གྱི་ས་རྟགས་འཁོད་པའི་ཡིག་ཆའི་ངོ་བཤུས་ཕུལ་བ་དེར་བརྩད་ཞིབ་ཞུས་ཏེ་ལན་གསལ་བྱ་རྒྱུ་ཞུས་པ་བཞིན། ཕྱི་ཚེས་༡༠ ཉིན་བདམས་ཐོན་སྤྱི་འཐུས་ལྔ་ཕེབས་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་ལན་འདེབས་ནང་དམ་འབུལ་ཞུ་ཕྱོགས་གཉིས་གསལ་འཁོད་བཅའ་ཁྲིམས་དགོངས་དོན་བྱུང་མེད་སྟབས། སླད་འགན་འཁུར་ཡོངས་རྫོགས་ཚོགས་དྲུང་ལས་ཁུངས་ནས་ཞུ་དགོས་ཞུས་ལུགས་གསལ་བཤད་མཐིལ་ཕྱིན་ཞུས་ཟིན་ན། སླད་དེ་འབྲེལ་ཚོགས་དྲུང་ལས་ཁུངས་ལ་འབྲེལ་གཏུགས་གནང་སྐྱོང་ཡོང་བ།

༤། བཅའ་ཁྲིམས་དོན་ཚན་༤༧ ནང་“འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས།” ཞེས་ཁ་གསལ་ཡོད་པ་བཞིན། བདམས་ཐོན་སྤྱི་འཐུས་གྲངས་༢༢ ནས་བཅའ་ཁྲིམས་དགོངས་དོན་བར་བརྒལ་ཚོགས་གཙོའི་མདུན་དམ་འབུལ་ཞུས་མཚམས་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད།

༥། བོད་ཆགས་འཇིགས་གཉན་འཕྲང་གྱི་དུས་འདིར། འུ་ཅག་རྣམས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷ་དགོངས་འཁྲུགས་གཞིར་མི་གྱུར་བ་གཙོ་དོན་ཐོག། མང་ཚོགས་ནས་རེ་འདུན་ཆེན་པོས་མང་བཀུར་ཞུས་པ་བདམས་ཐོན་སྤྱི་འཐུས་རྣམས་ནས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་བཞེས་ཐོག་དམ་འབུལ་བཅའ་ཁྲིམས་དགོངས་དོན་འབུལ་ཐབས་དང་། འོས་བསྡུའི་ལས་རིམ་ཤར་བསྐྱོད་འགྲོ་ཐབས་སུ་མཐུན་འགྱུར་ངེས་གནང་དགོས་པ་ཞུ་བཞིན་ཡོད། ད་དུང་འདི་མུར་རྒྱུན་རིང་ལྷགས་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་ཇི་མི་སྙམ་པའི་གོད་ཆག་དང་འགོག་རྐྱེན་ཆགས་ཉེན་འདུག་ན། དེ་ལྟར་མི་ཡོང་བའི་ཐུགས་འགན་ངེས་པར་བཞེས་གནང་དགོས་པ།། 

འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ཆ་ཚང་ལྟ་སའི་དྲ་ཐག་འདིར་ཡོད།

 གསར་འགོད་པས། དམ་འབུལ་ཞུ་ཕྱོགས་ཐོག་སྤྱི་འཐུས་ཕྱོགས་ཁག་གཉིས་ཆགས་ཡོད་པ་དང་། ཕྱོགས་གཉིས་ཀ་བཅའ་ཁྲིམས་དོན་ཚན་༤༧ དང་མཐུན་གྱི་ཡོད་མེད་དང་། དབུས་འོས་བསྡུ་ལྷན་ཁང་ནས་ཕྱོགས་ཁག་གཉིས་ཆགས་ཡོད་པ་མཁྱེན་གྱི་ཡོད་ཀྱང་། ཕྱོགས་གཅིག་གི་དམ་འབུལ་ངོས་ལེན་གནང་ཡོད་པའི་རྒྱུ་མཚན་གང་ཡིན་སྐད་ཆ་དྲིས་པར། འོས་བསྡུ་འགན་འཛིན་གྱིས། “དབུས་འོས་བསྡུ་ལྷན་ཁང་ནས་བཅའ་ཁྲིམས་གོང་དུ་བཀུར་གྱི་ཡོད་པས། སྤྱི་འཐུས་ཕྱོགས་ཁག་གཉིས་འདུག་ཅེས་བརྗོད་ནས་བཅའ་ཁྲིམས་ཕར་ལ་བཞག་ནས་ལས་དོན་སྤེལ་ཐབས་མེད་པ་དང་། དམ་འབུལ་ཞུ་བའི་ལས་དོན་དེའི་འགན་དེ་ཚོགས་དྲུང་ལས་ཁུངས་ལ་ཡོད་པ་དང་།  དམ་འབུལ་དེ་ཕྱོགས་ཁག་གཉིས་ཆགས་ཡོད་པས། དེ་སྔོན་ཚུད་ནས་བཀག་འགོག་ག་རེ་བྱས་ནས་བྱས་མེད་ཅེས་འདྲི་དགོས་ན་ཚོགས་དྲུང་ལས་ཁུངས་ལ་འདྲི་རོགས་ཞུ་ཡི་ཡོད་”ཅེས་ལན་འདེབས་གནང་སོང་།

གསར་འགོད་པས། དབུས་འོས་བསྡུ་ལས་ཁང་ནས་གསུང་དོན་ལ་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་པར་སྤྱི་འཐུས་དམ་འབུལ་གནང་མཁན་གསུམ་ཆ་གཉིས་ལོན་མེད་སྐོར་གསུངས་ཡོད་པས། སྤྱི་འཐུས་རྣམས་ཀྱིས་དམ་འབུལ་བྱེད་པའི་དུས་ཡུན་ཚད་བཀག་གཅིག་བཟོས་ནས། དེ་ལས་བརྒལ་ཚེ་སྤྱི་འཐུས་རྣམས་ཀྱིས་བཅའ་ཁྲིམས་གོང་དུ་བཀུར་དགོས་པའི་འོས་ཆོས་མ་ཚང་བ་བརྩིས་ནས་འཕོ་འགྱུར་སོང་ཡོད་པར་ངོས་འཛིན་གནང་རྒྱུ་ཡིན་མིན་དྲིས་པར། འོས་བསྡུའི་འགན་འཛིན་གྱིས། “བཅའ་ཁྲིམས་ནང་དུ་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་དུས་ཡུན་དེ་འདྲ་ཞིག་ནང་གནང་ཚར་བ་དགོས་ཞེས་པ་ཞིག་ཡོད་པ་མ་རེད་”ཅེས་དང་། “ད་ལྟའི་གནས་སྟངས་དེ་རྦད་དེ་རྒྱུན་མཐུད་ནས་བཞག་ཐུབ་རྒྱུ་ཞིག་མེད་པ་རེད། དཔེར་ན་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཀའི་ནང་དུ། འོས་བསྡུ་དང་འབྲེལ་བའི་ལས་དོན་དུས་ཚོད་དེ་འདྲ་ཞིག་ནང་ཚར་བ་དགོས་ཞེས་འཁོད་ཡོད། ད་ལྟའི་ཆར་འོས་བསྡུ་ལས་ཁང་ནས་ཐག་གཅོད་དེ་འདྲ་གནང་བ་ཡིན་ཞེས་སྙན་སེང་ཞུ་རྒྱུ་མེད་ཁར། སྤྱི་འཐུས་རྣམས་ཀྱིས་དགོངས་བཞེས་གནང་གི་རེད་བསམ་པའི་རེ་བ་དང་ཡིད་ཆེས་ཞུ་ཡི་ཡོད། གལ་ཏེ་ནམ་ཞིག་དཀའ་ངལ་ཆེན་པོ་འཕྲད་ཚེ། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་དངོས་ཡོད་དུ་གང་གསལ་ཡོད་པའི་ཐོག་སྙན་སེང་ཞུ་དགོས་པ་ཆགས་པའི་ཉེན་ཁ་ཡོད་རེད། འོན་ཀྱང་དབུས་འོས་བསྡུ་ལས་ཁང་ནས་གནས་སྟངས་དེ་འདྲ་ཞིག་མི་ཡོང་བའི་རེ་བ་དང་འབོད་སྐུལ་ཞུ་ཡི་ཡོད་”ཅེས་གསུངས་སོང་།

ད་ལྟ་སྤྱི་འཐུས་ཀྱི་དམ་འབུལ་བྱེད་ཕྱོགས་ཀྱི་དཀའ་ངལ་དེ་ཐུག་ས་གཙོ་བོ་སྤྱི་འཐུས་སྐབས་༡༦ པའི་ནང་གི་གྲོས་ཆོད་ཡིག་ཆ་ཨང་༣༩ ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བ་འདུག གྲོས་ཚོགས་ཀྱི་ཁྲིམས་སྒྲིག་གྲོས་ཆོད་དབུས་འོས་བསྡུ་ལས་ཁང་ནས་ངོས་ལེན་གནང་གི་རེད་དམ། བར་བརྒལ་ཚོགས་གཙོའི་དམ་འབུལ་འོས་བསྡུ་ལས་ཁང་ནས་ངོས་ལེན་བྱེད་ཀྱི་ཡོད་ན་གྲོས་ཚོགས་ནང་གི་གྲོས་ཆོད་ཡིག་ཆ་ཨང་༣༩ པ་དེ་ངོས་ལེན་མ་གནང་བ་ཞིག་མ་རེད་དམ། གྲོས་ཆོད་བཞག་ཟིན་པ་རྩིས་མེད་གཏོང་ཕྱོགས་དང་འགྱུར་བ་གཏོང་ཕྱོགས་གྲོས་ཚོགས་ནང་མ་གཏོགས་འགྲོ་ས་མི་འདུག ༢༠༡༣ ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་སྐབས་དེའི་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་དབུ་མའི་ལམ་གྱི་སྲིད་ཇུས་གྲོས་ཚོགས་ནང་སྤྱི་མོས་ཀྱིས་གཏན་འབེབས་བྱས་པ་དེ་ངའི་ངོས་ནས་ཕྱིར་འཐེན་ཡིན་པས་སྲིད་ཇུས་དེ་སྤྱི་མོས་ཆགས་རྒྱུ་མིན་སྐོར་གསལ་བཤད་གནང་སྐབས། དེའི་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ནང་གྲོས་ཆོད་བརྒྱུད་ནས་འགྱུར་བ་གཏོང་དགོས་པ་ལས་སྒེར་གྱི་གསལ་བཤད་ཀྱི་གྲོས་ཆོད་ཕྱིར་འཐེན་བྱེད་ལམ་ཞིག་མི་འདུག དབུ་མའི་ལམ་གྱི་སྲིད་ཇུས་དེ་མུ་མཐུད་སྤྱི་མོས་སུ་གནས་ཀྱི་རེད་ཅེས་གསུངས་ནས་ངོས་ལེན་གནང་ཡོད་པ་མ་རེད། ད་ལྟ་འདི་གཉིས་གཅིག་མཚུངས་མ་རེད་དམ་ཞེས་དྲིས་པར། འོས་བསྡུ་འགན་འཛིན་གྱིས། “ཡིག་ཆ་ཨང་༣༩ པར་ངོས་ལེན་ཡོད་པ་རེད་དམ་ཟེར་ན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཁྲིམས་སྒྲིག་གཞི་དང་། ཡིག་ཆ་ག་འདྲ་ཞིག་གཏན་འབེབས་གནང་ནའང་། ང་ཚོས་སྲུང་བརྩི་ཞུ་ཡི་རེད། བཅའ་ཁྲིམས་དོན་༣༧ པའི་ནང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་སྒྲིག་བཟོ་རྒྱུའི་དབང་ཚད་ཡོངས་རྫོགས་ཕུལ་ཡོད་པ་རེད། དེས་བཟོས་པའི་ཡིག་ཆར་ང་ཚོས་བརྩི་སྲུང་མ་བྱས་པ་ཡོང་མ་སྲིད་པ་རེད། འོས་བསྡུ་ལས་ཁང་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་བཅའ་ཁྲིམས། སྒྲིག་གཞི། ཡིག་ཆ། གྲོས་ཆོད་ག་འདྲ་ཞིག་ཡིན་ནའང་འོས་བསྡུ་ལས་ཁང་ནས་གུང་བཀུར་ཞུས་ཏེ། ལག་བསྟར་བྱེད་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད། ད་ལྟ་དེ་ལ་འབད་བརྩོན་བྱས་པའི་རྒྱུ་མཚན་གྱིས་དཀའ་ངལ་འཕྲད་པའི་གནས་སྟགས་ཤིག་ཆགས་ཀྱི་ཡོད་པ་རེད། ད་ལྟ་ཡིན་ཡང་དེ་བརྩིས་ནས་མ་སོང་ན་བར་ལམ་ཞིག་ནས་ཁྲིམས་སྒྲིག་ཚང་མ་ཁྱད་མཚར་ཞིག་ཆགས་ཉེན་ཡོད་པས། དེ་བརྩི་དགོས་པ་རེད་”ཅེས་གསུངས་སོང་།

འོས་བསྡུའི་འགན་འཛིན་དང་བར་བརྒལ་ཚོགས་གཙོ་གཉིས་ཀྱི་བར་དུ་བཀའ་བསྡུར་གནང་བའི་སྐད་ཆ་ཡང་གོ་རྒྱུ་འདུག་ན། བར་བརྒལ་ཚོགས་གཙོ་དེ་སྤྱི་འཐུས་ཚོས་ལས་ཁུར་དམ་འབུལ་ཞུ་ས་ཡིན་པ་ལས་དེ་མིན་གྱི་དབང་ཚད་ག་རེ་ཡོད་རེད་དམ་ཅེས་དྲིས་པར། འོས་བསྡུའི་འགན་འཛིན་གྱིས། “དེ་ཚོགས་དྲུང་ལ་དྲིས་ནའང་རེད། ཡང་ན་བར་བརྒལ་ཚོགས་གཙོར་དྲིས་ན་ཡག་ཤོས་རེད། འོས་བསྡུ་ལས་ཁང་གིས་བཅའ་ཁྲིམས་དོན་ཚན་༤༧ པའི་ནང་ག་རེ་འཁོད་ཡོད་པ་དེ་ང་ཚོས་ཤེས་ཀྱི་ཡོད། དེ་མིན་སྤྱི་འཐུས་ལྷན་ཚོགས་ནང་ཡིག་ཆ་དེ་འདྲ་ཡོད་སྲིད་པ་རེད། དེའི་སྐོར་གང་ཡང་ང་ཚོས་ཤེས་རྟོགས་མེད་”ཅེས་གསུངས་སོང་།

གོང་དུ་དྲི་བ་ཞིག་བྱུང་བ་བཞིན་ད་ལྟའི་སྤྱི་འཐུས་རྣམས་བརྗེ་པོ་རྒྱག་དགོས་བྱུང་ན། སྤྱི་འཐུས་ཡོང་ཁོངས་ཀྱི་གྲུབ་ཆ་ཚང་དགོས་པས། བར་མའི་འོས་བསྡུ་བྱེད་དགོས་ཁེལ་སྲིད་པ་རེད། དེ་འདྲ་བྱུང་ན་འོས་བསྡུའི་འགན་འཛིན་ལས་རོགས་བསྐོ་རྒྱུ་དེ་ཁྲིམས་སྒྲིག་ག་འདྲ་ཞིག་གི་འོག་བསྐོ་དགོས་རེད་དམ་ཞེས་དྲིས་པར། “བརྗེ་པོ་རྒྱག་དགོས་པ་ཡོང་རྒྱུ་མ་རེད་བསམ་གྱི་ཡོད། དེ་མ་ཡོང་པར་ང་ཚོས་སྨོན་ལམ་རྒྱག་དགོས་རེད། གང་ལྟར་ཚང་མར་དགོངས་པ་མངའ་གསལ་རེད། འོས་བསྡུའི་ལས་རིམ་དེ་རྒྱལ་ཁབ་ ༢༦ ནང་ཏོག་དབྱིབས་ན་ཚའི་དཀའ་ངལ་འོག་ཚང་མས་དཀའ་ལས་བརྒྱབ་ནས་འབྲས་བུ་བཏོན་བཞག་ཡོད་རེད། ད་ལྟའི་ཆར་དམ་འབུལ་ལ་དཀའ་ངལ་ཕྲན་བུ་འཕྲད་ཡོད་པ་རེད་དེ། དེ་ནང་ཁུལ་གྱི་དཀའ་ངལ་ཡིན་པས། གུ་ཡངས་གནང་ན་སེལ་འགྲོ་བའི་གནས་སྟངས་ཤིག་རེད་མ་གཏོགས། དེ་སེལ་རྒྱུ་མེད་པ་ཞིག་རེད་བསམ་གྱི་མི་འདུག སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བསྐོ་རྒྱུའི་འགག་རྩ་བཅའ་ཁྲིམས་དོན་ཚན་༤༧ པར་ཐུག་གི་ཡོད་པས་དེའི་ཐོག་དགོངས་བཞེས་གནང་རོགས། དེ་ནས་ག་རེ་གནང་དགོས་ནའང་། ཕལ་ཆེར་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་སྐུ་དབང་མཐོ་ཤོས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་རེད། དང་པོ་བཅའ་ཁྲིམས་ནང་གསལ་བ་ལྟར་ཕེབས། དེ་རྗེས་ག་རེ་གནང་དགོས་ན་གཙང་མ་བཟོས་ན་སྐུ་དབང་ཡོངས་རྫོགས་ཡོད་པ་རེད། དཀའ་ངལ་འཕྲད་གཞི་ཡོད་མ་རེད་”ཅེས་གསུངས་སོང་།

གྲོས་ཚོགས་ནང་གི་གྲོས་ཆོད་ཡིག་ཆ་ཨང་༣༩ པ་ངོས་ལེན་གནང་གི་ཡོད་ན། ཁྲིམས་ཞིབ་པ་འཕོ་འགྱུར་བཏང་ཟིན་པ་ཞིག་གི་མདུན་ནས་བར་བརྒལ་ཚོགས་གཙོས་དམ་འབུལ་བྱེད་རྒྱུའི་ཁྲིམས་སྒྲིག་ཅིག་གང་དུ་ཡོད་པ་རེད་ཅེས་དྲིས་པར། “དེ་ཁྲིམས་བཟོ་དང་ཁྲིམས་ཞིབ་བར་གྱི་གནས་སྟངས་རེད། དེ་ལ་དཀའ་ངལ་ག་རེ་འཕྲད་པ་ཚང་མས་ཤེས་ཀྱི་རེད། དེ་ལ་ངས་འགྲེལ་བཤད་རྒྱག་རྒྱུའི་གནས་སྟངས་མེད། དེ་ལ་གནད་དོན་ཁག་འགའ་ཤས་ཆགས་བསྡད་ཡོད་པ་རེད། དེ་ཚོ་ང་ཚོས་མ་ཤེས་པ་མ་རེད་དེ། དེ་རིང་བརྒྱུད་ལམ་ནང་བཤད་རྒྱུའི་བཀའ་མོལ་དེ་འདྲ་མ་རེད་”ཅེས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།